དགུ་པའི་ཉེར་བདུན་དོན་རྐྱེན་ལ་དྲན་གསོ་བྱས་པ།

ལས་འགུལ་དེར་ས་གནས་གཞོན་ལྷན་དང་བུད་མེད་ཀྱི་ཚོགས་མི་སོགས་མི་སེར་སུམ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ༡༩༨༧ ལོའི་ཕྱི་ཟླ་༩ ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་གྱེན་ལངས་བྱེད་མཁན་གྱི་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་གཙོས་པའི་གཞིས་ལུས་སྤུན་རྣམས་ཀྱིས་སྙིང་སྟོབས་དང་། ཆོད་སེམས་ཀྱིས་བོད་དོན་འཐབ་རྩོད་ཆེད་ལུས་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་དང་། གཞན་ཡང་རྒྱ་ནག་གཞུང་གིས་ཉེས་མེད་བཙོན་འཇུག་དང་མནར་གཅོད་ཕོག་དང་ཕོག་བཞིན་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་ནས་དགུ་བའི་ཉེར་བདུན་དྲན་གསོ་བྱས་ཡོད་པ་རེད།

 

ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ཀྱི་དུས་དྲན་ངོ་སྤྲོད་དང་འབྲེལ། ང་ཚོས་དུས་ནས་དུས་སུ་བོད་ཀྱི་རང་དབང་སླར་གསོའི་ཆེད་དཀའ་སྡུག་དང་། མནར་གཅོད་ཚད་མེད་མྱང་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ཚབ་ཐུབ་པ་ཞིག་དང་། ཁོང་རྣམས་པའི་རེ་བ་མ་བརླག་པ་ཞིག་ལ་འབད་བརྩོན་བྱེད་དགོས་ཀྱི་རེད་ཅེས་བརྗོད་སོང།

 

ས་གནས་གཞོན་ནུའི་སློབ་སྟོན་པ་བློ་བཟང་རྡོ་རྗེ་ལགས་ཀྱིས། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ལོ་ནས་ལོ་མཐུད་དེ་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་སྤུ་ཙམ་ཡང་མེད་པར་རྒྱ་ནག་གཞུང་གི་མནར་གཅོད་གདུག་རྩུབ་འོག སེམས་ཤུགས་ཉམས་པ་མེད་པར་བོད་ཀྱི་རང་དབང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་འཛམ་གླེང་སྟེང་གནས་ཡོད་པ་རེད། ང་ཚོ་འདིར་རང་ཡུལ་དགྲ་ལ་ཤོར་ནས་སྐྱབས་བཅོལ་བའི་མིང་གི་འོག་ལོ་ལྔ་བཅུ་ལྷག་ལ་གནས་ཡོད་པས། གནད་དོན་འདི་དག་ཧ་གོ་པའི་ཐོག་ནས་བོད་མིའི་རང་དབང་སླར་གསོའི་ཆེད་བསམ་བློ་གསར་པ་དང་། སེམས་ཤུགས་གསར་པ་རེ་ཁྱེར་ནས་འགྲོ་དགོས་རེད་ཅེས་བརྗོད་སོང།

 

གཞན་ཡང་ས་གནས་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་དབང་ལགས་ཀྱིས། མི་མང་གིས་འགན་ཁུར་ཡོད་པའི་ཐོག་ནས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཆ་ཤས་ལེན་དགོས་པ་དང་། དེ་ཡང་མི་ངོ་ཤེས་ནས་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་ཁག་ལ་གཏོར་བཤིག་གཏོང་མཁན་མ་ཡིན་པའི་འཐབ་རྩོད་པ་ཚད་ལྡན་དག་རྙེད་ཐུབ་པ་བྱེད་དགོས་པའི་ཞེན་སྐུལ་དང་ཐུགས་རྗེ་ཆེའི་གཏམ་བཤད་གྲུབ་པ་དང་། མི་མང་གིས་མར་མེ་ཁྲོམ་སྐོར་དང་བཅས་བྱས་སོང།།
མེ་སོར་གསར་འགོད་པས།

{jcomments on}