ལོ་བཞིའི་བཙོན་བཅུག་ཁྲིམས་ཐག་བཅད་པ།
ཀིརྟི་གྲྭ་ཚང་གི་ཀ་ཉག་ཚེ་རིང་གིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཡས་མས་སུ་འཛིན་བཟུང་བྱས་པའི་རྔ་པ་ཁུལ་རྔ་པ་རྫོང་ཁྲིན་ཀན་སྡེ་བའི་དོན་ཁོ་རྒྱག་པ། རང་ལོ་ ༤༦ ཙམ་ཡིན་པ་ཁོང་ལ་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་རྔ་པ་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ ཉིན་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྔ་པ་ཀིརྟི་དགོན་གྱི་ཆབ་སྲིད་བཙོན་པ་གྲྭ་ཆོས་དར་ལགས་སྦས་སྐུང་བྱས་པའི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་དོན་ཁོ་རྒྱག་པ་སོགས་འཛིན་བཟུང་བྱེད་དགོས་པའི་བརྡ་ཁྱབ་ཡི་གེ་ས་གནས་གང་སར་སྦྱར་ནའང་འཛིན་བཟུང་བྱེད་མ་ཐུབ་མོད། ཁོང་གིས་ལོ་མཇུག་མགོ་བཏགས་ཞུས་པར་བརྟེན་ཟླ་ ༡ དང་ཉིན་བཅུ་གྲངས་ཤིག་ལ་བཀག་ཉར་བྱས་རྗེས་རྒྱ་སྒོར་ ༡༥༠༠༠ ཉེས་ཆད་བཅད་དེ་ཕྱི་ཚུལ་དུ་གློད་གྲོལ་བཏང་ནའང༌། དེ་རྗེས་སླར་ཡང་དོན་ཁོ་དང་ཁོང་གི་གཟའ་ཟླ་བསོད་ལྷ་གཉིས་ཀ་རང་ཁྱིམ་ནས་གློ་བུར་དུ་འཛིན་བཟུང་གིས་བཀག་ཉར་བྱས། དེ་ནས་ཟླ་ ༥ ཙམ་གྱི་རྗེས་སུ་བསོད་ལྷ་གློད་གྲོལ་བཏང་ནའང་དོན་ཁོ་མུ་མཐུད་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་འདུག་ལ། ཁོང་བཀག་ཉར་བྱས་པའི་དུས་ཡུན་ལོ་གཅིག་ཙམ་གྱི་རིང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་འབྲེལ་ཡོད་མི་སྣས་ཤེས་རྟོགས་བྱུང་མེད་འདུག མཐར་གོང་འཁོད་ཀྱི་ཟླ་ཚེས་ལ་ཐག་གཅོད་དེ་བྱས་ཡོད་པ་རེད།
ཁོང་ཆུང་དུས་ས་གནས་ཀྱི་སློབ་ཆུང་རེ་འགྲིམ་ཡོད་ན་ལས་གཞན་སློབ་གྲྭ་ཆེ་འབྲིང་ལ་འགྲོ་རྒྱུའི་གོ་སྐབས་བྱུང་མི་འདུག་ལ། རྒྱུན་ལྡན་ཚོང་ལས་ཆུང་ཙག་རེ་གཉེར་བཞིན་ཡོད་འདུག །
{jcomments on}