སྐུ་ཚབ་དོན་གཅོད་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད།
ཟླ་འདིའི་ཚེས་༢༩ ཉིན་བོད་གཞུང་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། ཡུལ་དེའི་ནུབ་ཕྱོགས་མངའ་སྡེའི་རྒྱལ་ས་པར་ཐ་ཁུལ་དུ། ད་ལྟའི་བོད་ཀྱི་གནས་སྟངས་དང་རྒྱ་བོད་འབྲེལ་ལམ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། གྲོས་ཚོགས་ཀྱི་ཡུལ་དེའི་འཐུས་མི་རྒེར་ཛ་ཝ་ཀྲ་སོན་དང་ལྗང་གུ་ཚོགས་པ་ནས། རྒྱུན་དུ་བོད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཅོས་མིན་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་རྣམས་ལ། བོད་དོན་ཐོག་རྒྱབ་སྐྱོར་དང་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པར་བསྔགས་བརྗོད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས། སྐུ་ཚབ་དོན་གཅོད་ཀྱིས་དབུས་པའི་ཨོ་སི་ཊོ་ལི་ཡའི་དབུས་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་། འཐུས་མི་ཟུར་པ་ཁག་ཅིག་གདན་ཞུས་བྱས་ཡོད་པ་དང་བསྟུན་ནས། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་བོད་ཀྱི་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་འགྲེལ་བཤད་གནང་ཡོད་པ་རེད།
དེ་ནས་ཧ་ཡཱ་གྷྲི་ཝ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ནང་ཕེབས་ཏེ་བོད་དོན་ཐོག་འགྲེལ་བརྗོད་དང་། ཆོས་ཚོགས་ནས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱངས་སྐབས། མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དེ་བཞིན་ཕན་བདེ་གླིང་ཆོས་ཚོགས་སུ་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་ལྷན་ཚོགས་འཛོམས་སྐབས། ཚོགས་གཙོ་རྫ་སྤྲུལ་རིན་པོ་ཆེ་མཆོག་ནས་ཚོགས་པའི་ལས་བསྡོམས་སྙན་སེང་གནང་རྗེས། སྐུ་ཚབ་དོན་གཅོད་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དང་། བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར། ༧གོང་ས་མཆོག་གི་མཛད་འཕྲིན་དང་དབུ་མའི་ལམ་གྱི་སྲིད་ཇུས། ཕྱི་སྡོད་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་དགོས་པའི་སྐོར་སོགས་འགྲེལ་བརྗོད་གནང་བ་དང་། ཚོགས་མི་རྣམས་ཀྱིས་བཏོན་པའི་དོགས་འདྲི་ཁག་ལ་འགྲེལ་བཤད་གནང་ཡོད་པ་རེད།།
{jcomments on}