འདོན་ཐེངས་སུམ་བརྒྱར་ཕྱིར་དྲན།
མཐུན་རྐྱེན་དང་ཉམས་མྱོང་སོགས་ཀྱིས་འཐུས་མ་ཚང་བ་དང་ཚགས་མ་ཚུད་པའི་གནས་ཚུལ་ཡོད་ངེས་ཀྱང། བོད་ཀྱི་བང་ཆེན་གྱིས་གོ་སྐབས་དམ་འཛིན་ཐོག་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག་རིག་གནས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཐོག་མའི་དམིགས་འདུན་ཡིན་པ་ལྟར་དམིགས་འདུན་དེ་ལ་དུས་ནམ་ཡང་དམ་ལྷོད་ཤོར་མྱོང་མེད། སྤྱི་ཚོགས་ཀྱི་གནོན་ཤུགས་ཆུང་ཙག་རིགས་དང་། ལས་དོན་ལམ་ལྷོང་མི་ཡོང་བ་ཁོ་ནའི་ཆེད་དུ་ལྡོག་ཕྱོགས་ནས་ནུས་པ་འདོན་མཁན་ཡང་མི་སྣ་ཆེ་ཆུང་གཉིས་ཐད་ནས་མ་བྱུང་བ་མིན་མོད། དེ་དག་ཚང་མ་བོད་ཀྱི་བང་ཆེན་ལ་སེམས་ཤུགས་སྤར་མཁན་དང་ལས་དོན་གྱི་ཐོག་ལ་ཧུར་བརྩོན་བྱེད་པའི་སྐུལ་འདེད་ལྟ་བུར་གྱུར་ཡོད་པ་ལས། སེམས་ཤུགས་ཆག་ཆོག་ཆོག་དང་། སྤོབས་པ་ཞུམ་ཆོག་ཆོག་ཏུ་གྱུར་པའི་བོད་ཀྱི་བང་ཆེན་ཞིག་མིན་པ་ར་སྤྲོད་བྱུང་ཡོད། འདི་དག་ནི་འདོན་ཐེངས་༣༠༠ རིང་ཅུང་ཕྱིར་དྲན་བྱེད་འོས་པའི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད།
འདས་པའི་ལོ་རྒྱུས་ནི་འདས་ཟིན་པས་ཕྱིར་དྲན་བྱ་རྒྱུ་ཙམ་ལས་འོས་མེད་ཀྱང་། མ་འོངས་པའི་བཞུད་ལམ་དེ་བས་རིང་ན་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་ལས་ཀ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་། མི་མང་གི་བསམ་ཚུལ་ལ་གཞི་འཛིན་དགོས་པ་གལ་ཆེན་པོར་གྱུར་ཡོད། ལྷག་པར་དུ་གསར་ཤོག་ཅིག་ལ་མཚོན་ན་འཚོ་དང་འཆི་ཞེས་པ་དེ་མི་མང་གི་རྒྱབ་སྐྱོར་ལ་རག་ལས་ཡོད་ལ། དེ་ཡང་མི་མང་གི་དོ་སྣང་བྱེད་ཡུལ་དང་དགའ་ཕྱོགས་དང་འབྲེལ་མ་ཐུབ་ན་གསར་ཤོག་དེ་འཆི་ལམ་ཉག་གཅིག་ལས་གདམ་ཀ་གཞན་མེད། ད་ལྟའི་ཆར་བོད་ཀྱི་བང་ཆེན་གྱི་ལས་ཀ་བྱེད་ཕྱོགས་ཀྱི་ཐོག་ནས་ནོར་འཁྲུལ་དང་། ལྷག་པར་དུ་སྟོང་ཆ་དང་མ་འདེང་བའི་རིགས་ག་རེ་ཡོད་ཀྱང་ཐད་ཀར་མཛུབ་སྟོན་གནང་རྒྱུའི་རེ་བ་ཡོད་ལ། གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཡང་ཞུ་བཞིན་ཡོད། ད་བར་འཚོ་ཐུབ་པ་དེ་ཡང་གཙོ་ཆེ་ཤོས་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་རྒྱབ་སྐྱོར་དང་ཐུགས་སྣང་ཁོ་ན་ལ་བརྟེན་ནས་བྱུང་ཡོད་པ་དང་། མ་འོངས་པར་སྔར་བཞིན་རྒྱབ་སྐྱོར་དང་ཐུགས་སྣང་གནང་རྒྱུའི་རེ་བ་བཅངས་ཡོད། འདི་ནས་ཀྱང་གནས་སྐབས་ཙམ་ལས་རྒྱུན་རིང་པོའི་བསམ་བློ་མེད་པ་ཞིག་མ་ཡིན་པ་དང། རྩྭ་ཆུ་གང་བཟང་གི་གདམ་ཀ་ལྟར་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་འཕུར་ནས་ལས་དོན་འདི་སྣང་མེད་འཐུས་ཤོར་དུ་གཏོང་རྒྱུའི་བསམ་བློ་གཏན་ནས་མེད་པར། དུས་རྒྱུན་བོད་མི་རིགས་ཀྱི་བང་ཆེན་ཞིག་དང་། གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་ཀྱང་དགའ་བཞིན་སྤྲོ་བཞིན་འཕྲིན་བཟང་སྐྱེལ་བའི་བང་ཆེན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བཅངས་ཡོད་པས། ཀློག་མཁན་རྣམ་པས་ཀྱང་དགོངས་འཆར་དང་ལམ་སྟོན་རྒྱབ་སྐྱོར་བཅས་སྔར་བཞིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།།