དམངས་གཙོའི་ལྟ་གྲུབ་དང་མི་འགལ་བར་བྱེད་རྒྱུ་ནི་འབྱུང་འགྱུར་བཀའ་སྤྱི་གཉིས་ཀྱི་འོས་འགན་ཆེ་ཤོས་དེ་ཡིན།

དམངས་གཙོའི་རིང་ལུགས་ནང་ For the people, By the people, Of the people   ཞེས་པའི་དབྱིན་ཡིག་གི་བརྗོད་ཚིག་འདི་དམངས་གཙོའི་ལྟ་གྲུབ་གཞི་འཛིན་ས་ཡོད་ན་མེད་ནའམ་གཙོ་བོ་དེ་ཡིན་ཞིང༌། དམངས་གཙོའི་ན་ཚོད་སྨིན་མིན་དང་མཚན་ཉིད་ཚང་མིན་ཡང་འདིའི་ཐོག་ནས་འབྱེད་དགོས་པ་འདྲ།

ད་ནི་ངས་བརྗོད་འདོད་ཡོད་པ་རྣམས་ག་ལེར་བརྗོད་ན་འདོད། འགོ་འདི་འདྲ་ཞིག་བཙུག་ན་ཨེ་བཟང༌། དེ་རིང་ནི་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་དང་ཉིན་ཞག་ཉེར་ལྔ་ཏག་ཏག་ཕྱིན་པའི་ཉིན་མོ་ཞིག་ཡིན། བོད་གཞུང་གིས་དམངས་གཙོ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་ཡང་སྦེལ་ཀོབ་གཞིས་ཆགས་སུ་གྲ་སྒྲིག་གཟབ་རྒྱས་ངང་ནས་མཇུག་བསྒྲིལ་ཀྱང་གནང་ཟིན་ཡོད། མི་ལོ་ལྔ་བཅུའི་བཙན་བྱོལ་བོད་མིའི་དམངས་གཙོ་འདི་ནི་ལོ་རབས་དྲུག་ཅུའི་འགོ་སྟོད་དུ་འཛམ་གླིང་འདིར་གསར་དུ་འབུས་ཤིང༌། དེ་ནས་རིམ་གྱིས་ལོ་རབས་བདུན་བཅུ་དང་བརྒྱད་བཅུའི་ནང་ག་ལེར་འཚར་ལོངས་བྱུང་སྟེ་ད་ཆ་སྟོང་ལོ་བཅུ་པའི་ལོ་འགོ་འདིར་རྒས་ཤིང་འཁོག་ལ་ཉེ་བའི་དམངས་གཙོ་ཞིག་ཆགས་ཡོད་ཅེས་བཤད་ཆོག གང་ཟག་བྱེ་བྲག་པའི་མི་ཚེ་ཞིག་ལ་ཆ་མཚོན་ན་གྲངས་ཀ་འདི་ཉུང་ཉུང་ཞིག་གཏན་ནས་མ་རེད། བཟང་ན་བཟང་ཐག་དང་ངན་ན་ངན་ཐག་ཆོད་རྒྱུའི་དུས་ཚིགས་ཤིག་ཡིན། འོན་ཀྱང་འུ་ཚོའི་དམངས་གཙོ་འདི་ནི་ད་དུང་ཡང་ན་ཚོད་མ་སྨིན་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།  

ཉེ་ཆར་བཀའ་བློན་ཁྲི་པ་མཆོག་གིས་དམངས་གཙོ་དུས་དྲན་གྱི་མཛད་སྒོའི་སྐབས་གསུངས་དོན༌། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང༌། སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་ཅིང༌། མང་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན་ཞེས་ཚིག་ཐག་ཆོད་པོ་དང༌། སྐད་གསང་མཐོན་པོས་འགན་འཁུར་ཡོད་པའི་ཐོག་ནས་བརྗོད་རྒྱུ་ལ་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན་ཞེས་བསྒྲགས་འདུག དམངས་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན་ཞེས་གསུངས་པ་འདིས་དོན་ལ་རང་རེའི་དམངས་གཙོ་ནི་ད་དུང་ཡང་ན་ཚོད་མ་སྨིན་པའམ་སྨིན་ལ་ཉེ་བ་ཡིན་པ་ལས་ན་ཚོད་སྨིན་ཟིན་པའམ་ཆ་ལག་ཚང་བ་ཞིག་ཡིན་པར་གོ་རྒྱུ་མེད། དཔེར་ན་མྱུ་གུ་སྐྱེས་པ་ལ་མངོན་དུ་ཕྱོགས་པ་ཡིན་ན་མྱུ་གུ་དེ་ཉིད་མ་སྐྱེས་པའམ་སྐྱེས་ལ་ཉེ་བ་ཞིག་ཡིན་པའི་གནས་ལུགས་འདིར་འགྲེལ་བཤད་དགོས་དོན་ཅི་ཡོད། ལར་ནས་དམངས་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་པ་དང༌། དམངས་གཙོའི་ན་ཚོད་མ་སྨིན་པ་གཉིས་ཇི་ལྟར་བྱས་ནས་འགལ་བ་མི་འགྲོ་བ་དེ་ཡང་དཔྱད་དགོས་པའི་གནད་དོན་ཅིག་རེད་སྙམ།

དམངས་གཙོའི་སྙིང་དོན་ནི་རང་དབང་དང༌། འདྲ་མཉམ། ཆིག་བསྒྲིལ། ཁྲིམས་ཀྱིདབང་སྒྱུར་བཅས་ཡིན་ཞིང༌། ང་ཚོ་ལ་ཁྲིམས་བཟོ་ལྷན་ཚོགས་དང༌། ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་ལྷན་ཚོགས། ད་དུང་གསར་འགོད་རང་དབང་དང་གྲོས་ཚོགས་དབུས་སུ་བཞག་པའི་སྒྲོམ་གཞི་ཕུན་སུམ་ཚོགས་པ་ཡོད་སྟབས་དམངས་གཙོ་རྒྱལ་ཁབ་ཅིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་རྣམས་ཚང་ཡོད། ང་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་མི་དམངས་ཀྱིས་འདེམས་བསྐོས་བྱེད་བཞིན་པ་མ་ཟད། ཕྱི་ལོ་ ༢༠༠༠ ལོ་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་བཀའ་བློན་ཁྲི་པ་དེ་ཡང་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་ནས་ལོ་ངོ་བཅུ་ཕྲག་ལ་ཉེ་བ་ཞིག་ཏུ་འགྲོ་བཞིན་ཡོད་པས་འུ་ཚོའི་དམངས་གཙོ་འདི་ད་ཆ་ན་ཚོད་ཡོངས་སུ་སྨིན་པ་ཙམ་དུ་མ་ཟད་ཆེས་བླ་ན་མཐོ་བའི་དམངས་གཙོ་མཐའ་དག་གི་ཡང་རྩེ་སོན་པ་ཞིག་ཏུ་ངོས་འཛིན་ཅིའི་ཕྱིར་བྱེད་མི་ཆོག

ངས་ཡང་ཡང་བསམ་གཞིགས་དང་གོ་བསྡུར་བྱས་མཐར། བཙན་བྱོལ་བོད་མིའི་དམངས་གཙོ་འདི་ཉིད་ན་ཚོད་མ་སྨིན་པའི་རྒྱུ་མཚན་ཡོད་ན་གཙོ་བོ་གཉིས་ཀྱི་ནང་དུ་ཚུད་འགྲོ་བའི་ཚོར་སྣང་བྱུང༌། ྋགོང་ས་མཆོག་གིས་མི་དམངས་ལ་དམངས་གཙོ་གསོལ་རས་གནང་བ་ཙམ་ལས་མི་མང་གི་ངོས་ནས་ྋགོང་ས་མཆོག་གིས་མར་འགན་ཞིག་སྤྲོད་ཡོད་པ་མང་ཚོགས་ནས་ངོས་འཛིན་བྱེད་མ་ཐུབ་པའམ་མ་བྱེད་པ། གཉིས་ནི་མང་ཚོགས་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕེལ་རིམ་དང༌། འགྱུར་འགྲོས། སྒོས་སུ་བོད་མིའི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ་བཅས་ཀྱི་གོ་རྟོགས་ཧང་ཅང་བསྲབ་པོ་ཡིན་པ་འདི་གཉིས་ལ་ངོས་འཛིན་བྱེད་ཆོག་ཡོད། རང་ཅག་བོད་མི་ཕལ་ཆེར་བས་ྋགོང་ས་མཆོག་གིས་མི་དམངས་ལ་དམངས་གཙོ་གསོལ་རས་གནང་བ་ཡིན་ཞེས་བྱིན་རླབས་ལྟ་བུའི་ངོས་འཛིན་བྱེད་སྲོལ་ཙམ་ལས་དོན་དུ་མང་ཚོགས་ནས་ྋགོང་ས་མཆོག་གིས་སོ་སོ་ལ་འགན་ཞིག་སྤྲོད་ཡོད་སྙམ་པའི་བསམ་བློ་འཁོར་གྱིན་མེད་པ་རེད། གནང་ཡུལ་གྱི་ངོས་ནས་ྋགོང་ས་མཆོག་གིས་དམངས་གཙོ་གསོལ་རས་བསྩལ་གནང་བ་དང༌། གནང་པ་པོའི་ངོས་ནས་མང་ཚོགས་ལ་འགན་ཞིག་སྤྲོད་ཡོད་པའི་ཚོར་སྣང་གཉིས་ཀ་མ་བྱུང་ཚེ་ནམ་ཡང་དམངས་གཙོ་ན་ཚོད་སྨིན་རྒྱུ་མེད་པ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ལས་མ་འདས་པས་ཡིན། ད་ལྟའི་སྐབས་འདིར་ྋགོང་ས་མཆོག་དགུང་ལོ་ཧ་ཅང་མཐོན་པོ་ཕེབས་ཡོད་ནའང་ད་དུང་ང་ཚོས་ཁོང་ལ་འགན་དཀྲི་ཅི་ཐུབ་བྱེད་བཞིན་པ་འདི་དཔེ་མཚོན་གསལ་ཤོས་གཅིག་རེད། མང་ཆོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་བསྲབ་པོ་ཡིན་པའི་གནད་འགག་གཅིག་ནི་སོ་སོའི་འཐུས་མི་འདེམ་རྒྱུའི་ཐད་བསམ་བློ་འཁོར་གྱིན་མེད་པར་དེ་ལས་ལྡོག་ནས་རང་དོན་རྩག་རྩིས་རིགས་ལ་དོན་གཉེར་དང་འབད་འབུངས་ཆེ་བ་བྱེད་ཀྱི་ཡོད་པའམ། ཡང་ན། འཐུས་མི་འདེམ་སྒྲུག་བྱས་ཀྱང་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་ཕྱོགས་ཡོངས་ནས་བསམ་གཞིགས་མ་བྱས་པར་གཞན་ཟེར་རྗེས་འབྲང་དབང་གིས་འཐུས་མི་ཚད་ལྡན་ཞིག་འདེམས་བསྐོས་བྱེད་ཐུབ་གིན་མེད་པ་སོགས་ཡིན། ད་ནི་བོད་མི་སྤྱི་བོ་གནས་བསྟེན་ཡོངས་ནས་ྋགོང་ས་མཆོག་གིས་ང་མེད་པ་ནང་བཞིན་ལས་དོན་བསྒྲུབ་དགོས་ཡོད་ཅེས་བཀའ་སློབ་ལམ་སྟོན་ཕེབས་གནང་ལྟར་དམངས་གཙོའི་ལས་འགན་གང་ཡོད་སྒྲུབ་དགོས་ལ། མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མཐོ་རུ་གཏོང་དགོས་པ་བཅས་ནི་འགག་རྩ་ཉག་ཅིག་ཐུག་འདུག་སྙམ།

དོན་དག་གཞན་ཞིག་ནི་ང་ཚོས་མི་དམངས་སྤྱི་བྱིངས་སམ། ཡང་ན། ཉོམ་ཆུང་མི་དམངས་གཙོ་བཟུང་མ་བྱས་པར་རང་ཉིད་དང་རང་ཉིད་ཀྱི་སྐུ་སྟེགས། རང་ཉིད་ཀྱི་ནང་མི་གཉེན་མཚན། ཡང་ན། རང་ཉིད་ཀྱི་ཁེ་ཕན་སོགས་སྤྱི་དོན་ལས་སྒེར་དོན་གཙིགས་ཆེར་འཛིན་པ་འདིས་དམངས་གཙོ་ན་ཚོད་སྨིན་པར་འགོག་རྐྱེན་ཆེ་ཤོས་ཤིག་ཆགས་ཡོད་སྙམ། ཇི་སྲིད་རང་ཉིད་ཀྱི་ཁེ་ཕན་རྐྱང་རྐྱང་སྒྲུབ་མཁན་གྱི་སྤྱི་ཚོགས་ཤིག་ནང་དམངས་གཅོའི་ན་ཚོད་སྨིན་རྒྱུ་ནི་རེ་བ་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། སྡུག་ས་ནས་བཤད་ན་ནམ་ཡང་མདུན་བསྐྱོད་ཀྱི་ཕུགས་རེ་འབྲལ་བའི་དམངས་གཙོ་ཞིག་ཏུ་ཆགས་རྒྱུའི་ཉེན་ཁ་ཡོད་ཅེས་བཤད་ཆོག

བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤད་འོ་མའི་དམར་ལོ་ནི་གཤམ་དུ་ ༦༣ ལོའི་དམངས་གཙོ་དུས་དྲན་ཐེངས་བཞི་པའི་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམངས་གཙོའི་སྐོར་བཀའ་གནང་བའི་གསུང་འཕྲིན་ཚན་པ་ཞིག་བཀོད་ནས་བསམ་ཚུལ་འདི་རེ་ཞིག་མཇུག་བསྡུ་བྱ་རྒྱུ་ཡིན། སྐབས་དེར་ྋགོང་ས་མཆོག་གིས་བཀའ་སློབ་འདི་འདྲ་ཞིག་བསྩལ་ཡོད། དམངས་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། དམངས་ཞེས་པ་ནི། རིགས་རུས་དང༌། སྟོབས་འབྱོར་གྱི་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་སྩོལ་ལ་བརྟེན་ཤིང༌། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་ཀུན་གྱི་བདག་པོར་གྱུར་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་འགྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་གི་ཡོན་ཏན་གྱི་གནས་ཚད་དང༌། བསམ་བློའི་གོ་རྟོགས་ཇི་ཆེར་གཏོང་དགོས་པ་ཤིན་ཏུ་གལ་ཆེ། དེ་ལྟར་མིན་པར་དམངས་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང༌། གྲ་མ་འགྲིགས་མ་གཏོགས་ཡོང་རྒྱུ་མེད། བོད་པའི་སྤྱི་དོན་གྱི་འཁུར་མི་གཅིག་ལ་འཁྲི་བ་མིན་ཞིང༌། ལས་བྱེད་ཉུང་ཤས་ཤིག་ལ་འཁྲི་བའང་མིན། ཚང་མས་འཁུར་ལེན་དགོས་ཞེས་ངས་རིམ་པར་བརྗོད་ཡོད་ཀྱང༌། མ་ཤེས་རྨོངས་པའི་དབང་གིས་བྱུང་བ་ཡིན་ཤག སྐབས་རེ་ལས་དོན་གྲ་འགྲིགས་པོ་ཡོད་སར་རྣམ་དཔྱོད་གཏོང་འདོད་ཀྱིས་འཚང་ག་རྒྱག་པ་དང༌། མཁྲེགས་པོ་དང༌། དཀའ་སར་རང་ཉིད་སྒེར་གྱི་དོན་ཉིད་གཙིགས་སུ་བྱས་ཏེ་རང་མགོ་གང་ཐོན་བྱེད་པའི་སྤྱོད་ཚུལ་ཕྲན་བུ་ཡོང་གི་འདུག་པ་དེ་དག་ནི་བློ་ཕམ་དང༌། ཡིད་ཐང་ཆད་པའི་གཞི་རྐྱེན་ཞིག་རེད། ཅེས་སོགས་བཀའ་གནང་ཡོད། དེས་ན་མ་འོངས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་མི་བཞེངས་མཁན་རྣམ་པས་ྋགོང་ས་མཆོག་གི་བཀའ་སློབ་འདི་གཞི་རྩར་བཞག་སྟེ་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་དགོས་རྒྱུ་ནི་ཁྱེད་ཅག་ལ་འཁྲི་བའི་འོས་འགན་ཆེས་ཤོས་དང་བསྒྲུབ་བྱ་སྙིང་པོའི་ནང་ནས་སྙིང་པོ་དེ་ཡིན་ཞེས་བརྗོད་ཆོག་གོ།།

འོས་བསྡུའི་ལས་རིམ་ཆེན་མོ་རྒྱལ་གྱུར་ཅིག
མཁྱེན་ཡོན་ལྡན་པའི་བཀའ་སྤྱི་གསར་པ་རྒྱལ་གྱུར་ཅིག
ཟམ་གདོང་བླ་མའི་གསར་གཏོད་རྒྱལ་གྱུར་ཅིག
ྋགོང་ས་མཆོག་གི་ཐུགས་དགོངས་རྒྱལ་གྱུར་ཅིག

༼འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་མཚམསའདིར་གོང་བཀོད་ྋགོང་ས་མཆོག་གི་བཀའ་སློབ་འདི་འདྲ་མི་དམངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་བརྟེན། འདི་ཉིད་བང་ཆེན་གསར་ཤོག་ཐོག་ངེས་པར་འགོད་གནང་ཡོང་བ་རྣམ་མངའ་མཁྱེན།༽