བལ་ཡུལ་དུ་འོས་སྒམ་ཉེན་རྟོག་པས་འཕྲོགས་འདུག
བོད་དང་བལ་ཡུལ་གཉིས་ལ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་ཁྱིམ་མཚེས་ཡིན་པ་དང་། ཆོས་དང་རིག་གནས་སོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་ནའང་། གདུག་འདྲེ་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་ཡང་གང་ལ་གང་འཚམས་ཤིག་གནང་ཡོད་པ་དང་། ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རིང་ནས་བལ་ཡུལ་དུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་མང་དག་ཅིག་སྤྲོད་བཞིན་ཡོད་ལ། ཨ་རིའི་གཞུང་གིས་བལ་ཡུལ་དུ་ཡོད་པའི་སྐྱབས་བཅོལ་བ་གང་མང་ཞིག་ཨ་རིར་སྐྱབས་བཅོལ་དུ་ལེན་རྒྱུའི་ཐག་གཅོད་གནང་ཡང་བལ་ཡུལ་གཞུང་གིས་ཆོག་མཆན་སྤྲད་མེད། དེར་བརྟེན་བལ་ཡུལ་གཞུང་ལ་རྒྱ་དམར་གཞུང་གིས་གནོན་ཤུགས་འདྲ་མིན་སྣ་ཚོགས་ཡོད་ནའང་། བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་འོས་ཤོག་བླུག་པའི་བྱེད་སྒོ་བཙན་འགོག་བྱེད་པ་ནི། འཛམ་གླིང་གི་རྒྱལ་ཁབ་སུས་བལྟས་ཀྱང་གཏན་ནས་འོས་འཚམས་མིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད་པས་དེའི་ཐད་ནས་བལ་ཡུལ་གཞུང་གིས་དགོངས་བཞེས་ངེས་པར་དུ་གནང་ནས་འོས་སྒམ་ཕྱིར་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
བཙན་བྱོལ་བོད་གཞུང་དང་ལྷག་པར་དུ་འོས་བསྡུ་ལས་ཁང་ནས་ཀྱང་དེའི་སྐོར་ལ་འབད་བརྩོན་ཞིབ་ཚགས་ཤིག་གནང་ནས་ཡང་ན་འོས་སྒམ་ཕྱིར་རག་ཐབས་དང་། ཡང་ན་བསྐྱར་དུ་འོས་འདེམས་བྱེད་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས། འདི་ལྟ་བུའི་གནས་སྟངས་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ནང་ནས་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང་། འདི་ལ་གདུང་ལེན་བྱེད་མ་ཐུབ་ན་མུ་མཐུད་ནས་དཀའ་ངལ་རིམ་པ་འཕྲད་ངེས་པ་རེད། དེ་བཞིན་འོས་ཤོག་དེ་སྦྲག་བརྒྱུད་ནས་སམ། ཐབས་ཤེས་ག་འདྲ་ཞིག་གནང་དགོས་ཀྱང་བཙན་བྱོལ་བོད་མིའི་མི་འབོར་མང་ཤོས་གཉིས་པ་བལ་ཡུལ་ནས་འོས་ཤོག་གི་ཆ་ཤས་ལེན་ཐུབ་ཀྱི་མེད་ན་དེ་ཛ་དྲག་གི་དཀའ་ངལ་ཡིན་སྟབས། འོས་བསྡུ་ལས་ཁང་ནས་ཀྱང་ཐུགས་སྣང་ཆེན་པོའི་ཐོག་ནས་དཀའ་སེལ་ཐབས་ཤེས་ངེས་པར་དུ་གནང་དགོས་པ་ཧ་ཅང་གལ་ཆེ་བར་གྱུར་ཡོད།