རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བོད་མིའི་འོས་བསྡུ།

དེ་ཡང་ཞོགས་པའི་ཆུ་ཚོད་༨ དང་༩ པ་ནས་ལུགས་བདེ་གཉིས་ཀྱི་ས་གནས་འོས་བསྡུ་ཚོགས་ཆུང་སོ་སོའི་གོ་སྒྲིག་འོག མི་མང་འདུས་སྡོད་ཀྱི་ས་ཚུགས་ཁག་གི་མི་འབོར་ལ་དཔག་པའི་གྲ་སྒྲིག་འཐུས་ཚང་བྱས་ནས་མི་མང་གིས་འོས་བསྡུ་བྱེད་འགོ་བརྩམས་སོང་། མི་མང་དང་དགེ་འདུན་པ་སོ་སོས་སྔོན་མ་ནས་གྲ་སྒྲིག་ཡོད་པ་བཞིན་ཚོར་སྣང་ཆེན་པོ་དང་། འགན་ཁུར་ཆེན་པོས་འོས་བསྡུ་བྱེད་པའི་རྣམ་པ་ཤུགས་ཆེན་པོའི་ཐོགས་ནས་འཚང་ཁ་ཤིག་ཤིག་གིས་ཉིན་གང་ལ་འོས་བསྡུའི་ཆ་ཤས་བླངས་སོང་ལ། ད་ཐེངས་སྔར་དང་མ་འདྲ་བའི་མི་མང་གིས་འོས་བསྡུའི་འགན་ཁུར་དང་ཆ་ཤས་ལེན་གྱི་འདུག་ཅེས་བརྗོད་མཁན་འདུག དེ་བཞིན་ཧུན་སོར་དང་ཀོ་ལེ་གྷལ་གཞིས་ཆགས་བཅས་སུ་ཡང་གནས་ཚུལ་གཅིག་མཚུངས་རེད་ཅེས་འབྲེལ་ཡོད་མི་སྣས་བརྗོད་ཀྱི་འདུག ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་འོས་བསྡུའི་ཆ་རྐྱེན་ཚང་བའི་སློབ་མ་སུམ་བརྒྱ་ནས་བཞི་བརྒྱ་ཙམ་ཞིག་གིས་འོས་བསྡུའི་དེབ་སྐྱེལ་མེད་པས་འོས་བསྡུ་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད།

སློབ་གྲྭའི་ར་བའི་ཕྱི་ལོགས་སུ་དེབ་སྐྱེལ་མ་བྱས་པའི་དཔྱ་ཁྲལ་ལག་དེབ་ཐོག་མཁན་གྱི་སློབ་མ་སྐོར་གཅིག་འགྲོ་བཞིན་འདུག་པ་ཁོང་ཚོས་འདི་ལྟར་བརྗོད་ཀྱི་འདུག “ང་ཚོར་སློབ་གྲྭའི་ངོས་ནས་གསལ་བསྒྲགས་ཡག་པོ་མ་བྱས་པ་དང་། འོས་བསྡུའི་དེབ་སྐྱེལ་དང་འོས་བསྡུའི་ལས་རིམ་སྐོར་གྱི་ལམ་སྟོན་མ་བྱས་པའི་རྐྱེན་ཀྱིས་ད་ཐེངས་འོས་བསྡུ་བྱེད་ཐུབ་ཀྱི་མི་འདུག བློ་ཕམ་པོ་བྱུང་།” ཅེས་བརྗོད་སོང་ལ་ཁོང་ཚོས་སློབ་གྲྭའི་ངོས་ནས་གསལ་བསྒྲགས་དང་ལམ་སྟོན་ཡང་དག་མ་བྱས་པའི་རྒྱུ་མཚན་ལ་དོགས་གནས་ཡོད་སྐོར་བརྗོད་དོན། “ང་ཚོས་གནས་ཚུལ་འདི་ལ་ཕྱི་བལྟས་བྱས་ནས་ཉམས་ཞིབ་བྱེད་སྐབས་ཟླ་སྔོན་མ་སྔོན་མའི་ནང་ང་ཚོའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲྭའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཅིག་བྱས་པའི་མཐའ་འབྲས་སུ། དགེ་ལས་མང་ཆེ་བས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་སློབ་མ་བརྒྱ་ཆ་༨༠ ཡིས་མཁས་དབང་བློ་བཟང་སང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲྭའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་གྱི་ཡོད། དེ་མིན་རྣམ་རྒྱུན་ནས་ང་ཚོ་རྩེད་མོ་ལྟ་སར་ཕྱིན་ན་འདྲ། གཏམ་བཤད་ལ་ཕྱིན་ན་འདྲ། གཞུང་འབྲེལ་མཛད་སྒོ་དེ་འདྲ་ལ་ཕྱིན་ན་འདྲ། ཚང་མར་སློབ་གྲྭའི་ངོས་ནས་གོ་སྒྲིག་དང་སྣེ་ཁྲིད་བྱེད་ཀྱི་ཡོད་རེད་”ཅེས་དང་། “ང་ཚོ་དེ་རིང་ས་གནས་འོས་བསྡུ་ཚོགས་ཆུང་ལ་བཅར་བ་ཡིན་དེ། ད་ཐེངས་འོས་བསྡུ་ཡོང་གི་མ་རེད། རྗེས་སུ་དངོས་གཞི་ལ་ཡོང་མདོག་རེད་ཅེས་བརྗོད་ཀྱི་འདུག” ཅེས་འགྲེལ་བཤད་བྱེད་ཀྱི་འདུག

གནས་ཚུལ་འདིའི་སྐོར་ལ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་ལུགས་བསམ་ས་གནས་འགོ་འཛིན་མགོན་པོ་བཀྲིས་ལགས་སུ་བཅར་འདྲི་ཞུས་སྐབས། ང་ཚོས་བོད་ཁྱིམ་ཀྱི་ལས་ཁུངས་ལ་འབྲེལ་བ་སྤྱི་མཚུངས་ལྟར་བྱས་པ་ཡིན། ལས་བྱེད་མི་གཅིག་བརྒྱུད་ནས་ལས་བྱེད་དེ་ཚོའི་དཔྱ་ཁྲལ་ལག་དེབ་དང་སློབ་མ་ཁ་ཤས་ཤིག་གིས་དེབ་སྐྱེལ་བྱས་སོང་། དེ་མིན་ང་ཚོས་སློབ་གྲྭའི་ནང་གི་གནས་ཚུལ་འགྲེལ་བཤད་ཤེས་ཀྱི་མ་རེད་ཅེས་བརྗོད་ཀྱི་འདུག

བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བྱ་ཉལ་རྟ་མགྲིན་ལགས་སུ་སློམ་མའི་འོས་བསྡུའི་དེབ་སྐྱེལ་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་སྐོར་བཅར་འདྲི་བྱས་པར་ཁོང་གིས། “ལས་ཁང་ནས་ཚུར་གསལ་བསྒྲགས་ག་རེ་འབྱོར་བ་ཡིན་ན། དང་པོ་དབུ་འཛིན་བརྒྱུད་ནས་འགྲོ་ཡི་ཡོད་རེད། དེ་འབྱོར་བ་གཞིར་བཟུང་ངས་འབྲེལ་ཡོད་ཚང་མ། སློབ་སྤྱི་ནས་སློབ་གྲྭའི་དགེ་རྒན་གསུམ་རེད། སྡེ་ཚན་ཁག་ལ་ནམ་རྒྱུན་ནས་གཏོང་ས་ཞིག་ཡོད་རེད། དེ་བཞིན་ཁ་ཐུག་མར་གཏོང་གི་ཡོད་རེད། གསལ་བསྒྲགས་ཡིན་ན་རྒན་ལགས་ལས་བྱེད་རྣམ་པ་ཚོས་ག་རེ་གསལ་བསྒྲགས་གནང་དགོས་ན་གསལ་བསྒྲགས་གནང་གི་རེད། ང་ཚོའི་ངོས་ནས་དེ་འདྲ་བྱེད་ཀྱི་ཡོད་པ་རེད།”ཅེས་བརྗོད་སོང་། སློབ་ཕྲུག་ལ་དེབ་སྐྱེལ་དང་འབྲེལ་བའི་དུས་ཚོད་ངོ་སྤྲོད་དང་ལམ་སྟོན་དེ་འདྲ་སློབ་གྲྭའི་ངོས་གནང་ཡོད་མེད་སྐོར་དྲིས་པར། “སློབ་གྲྭ་དེ་ཤེས་ཡོན་གྱི་སྡེ་ཚན་ཞིག་རེད། བུ་ཕྲུག་ལོ་བཅོ་བརྒྱད་ཟིན་དུས་རྒྱལ་སྤྱིའི་ཐོག་ནས་སོ་སོས་བསམ་བློ་གཏོང་ཤེས་མཁན་གྱི་གནས་སྟངས་ཆགས་ཡོད་པ་རེད། དེ་འདྲའི་རྒྱུ་མཚན་གྱི་ཐོག་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་མང་དག་ཅིག་གི་ནང་ཡོང་རྒྱུ་ཞིག་རེད། ད་ལོའི་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་བྱེད་མཁན་དང་དེ་འདྲ་བྱུང་ཡོད་རེད། དེ་འདྲའི་ཐོག་ནས་ཚང་མས་མ་ཤེས་པར་ལྷག་པའི་རྒྱུ་མཚན་གཅིག་ཀྱང་ཡོད་པ་མ་རེད།”ཅེས་དང། “ཁྱེད་རང་ཚོས་གསུངས་པ་བཞིན་ཆེད་མངགས་ང་ཚོས་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་པ་མ་རེད་”ཅེས་གསུངས་སོང་། གང་ལྟར་ད་ཐེངས་སྦེལ་ཀོབ་བོད་ཁྱིམ་སློབ་མའི་འོས་བསྡུ་མ་ཐུབ་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་མཐོ་རིམ་སློབ་མ་མང་ཆེ་བས་འོས་བསྡུའི་དེབ་སྐྱེལ་ལ་དཀའ་ངལ་འཕྲད་པ་བཅས་ལ་སློབ་ཕྲུག་དང་མི་མང་། དགེ་འདུན་པ་རྣམས་ཀྱིས་བློ་བཟང་སེང་གེ་ལ་འོས་ཐོབ་གཅོག་ཐབས་སུ་དམིགས་པའི་ལས་རིམ་ཞིག་བྱུང་ཡོད་པའི་དོགས་པ་དང་གླེང་སློང་བྱེད་ཀྱི་འདུག །

མེ་སོར་གསར་འགོད་པས།

{jcomments on}