འབྲུག་ཡུལ་ནས་ལེན་དགོས་པའི་བསླབ་བྱ་ཁ་ཤས།

ད་ཐེངས་ཁོ་བོ་འབྲུག་ཡུལ་དུ་ཕྱིན་་པའི་སྐབས་ཀྱི་འབྲུག་ཡུལ་གྱི་ལེགས་ཆའམ་བསླབ་བྱ་ཁ་ཤས་ཤིག་མཐོང་ཐོས་བྱུང་བ་རྣམས་ང་ཚོ་བོད་པའི་སྤྱི་ཚོགས་སུའང་དེ་འདྲ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་གཤམ་གྱི་དོན་ཚན་ཁ་ཤས་འདི་འབྲི་འདུན་བྱུང་།

ཤེས་ཡོན་གྱི་སྐོར། འབྲུག་ཡུལ་གྱི་སློབ་ཕྲུག་གཞོན་སྐྱེས་རྣམས་དབྱིན་སྐད་ཧ་ཅང་བྱང་པོ་ཡོད་པ་མ་ཟད་མི་ལོ་བཞི་བཅུ་མན་ཆད་ཅིག་ཡིན་ན་དབྱིན་སྐད་མ་ཤེས་མཁན་ཕལ་ཆེར་མེད་ལ། དབྱིན་སྐད་ཀྱང་སྒྲ་གདངས་ལེགས་པའི་ཁར་ཡ་རབས་ཀྱི་བརྗོད་ཚུལ་ལྡན་པས་ཕྱི་རྒྱལ་བ་མང་པོས་བསྟོད་བསྔགས་གཏོང་གི་ཡོད་པ་རེད་འདུག འདིའི་རྒྱུ་རྐྱེན་གཙོ་བོ་ནི། འབྲུག་པའི་སློབ་ཕྲུག་མང་པོ་ཞིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་གཏོང་གི་ཡོད་པ་དང་། སློབ་ཕྲུག་ཚོས་ཀྱང་ཕྱི་རྒྱལ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་སླེབས་ནས་སློབ་ཕྲུག་གཞན་རྣམས་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ལས། ཕྱི་རྒྱལ་རང་དུ་སྡོད་མཁན་ཆེས་ཉུང་ཉུང་ཡིན་པ་རེད་འདུག  འབྲུག་པ་རྣམས་ཁྲིམས་ལ་སྲུང་རྩི་ཞུ་མཁན་ཞིག་ཡིན་པས་སློབ་གྲྭའི་ནང་དབྱིན་སྐད་རྒྱག་དགོས་པའི་ཁྲིམས་ཤིག་གཏན་ལ་འབེབས་ཚེ་ཚང་མས་ངོ་ཚ་མི་གནང་བར་དབྱིན་སྐད་རྒྱག་གི་ཡོད་འདུག  ང་ཚོ་རྒན་གཞོན་བར་གསུམ་སུ་ཡིན་རུང་ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་ཤིག་རག་ཚེ་ཁྲིམས་ལུགས་རྩི་མེད་ཀྱིས་ཕྱི་རྒྱལ་དུ་སྡོད་པ་ལས་ཕྱིར་ལོག་མཁན་ཉུང་ཉུང་ཡིན་པ་དང་། སློབ་གྲྭ་ཁག་གི་ནང་། དབྱིན་སྐད་སློབ་ཀྱི་ཡོད་ཀྱང་། རྒྱུན་དུ་དབྱིན་སྐད་རྒྱག་རྒྱུ་ངོ་ཚ་བྱེད་ནས་མཐོ་རིམ་སློབ་གྲྭ་ཁག་གི་ནང་དུའང་དབྱིན་སྐད་ཀྱི་ཐོག་ཟ་སྐད་འཐུང་སྐད་ཙམ་ཡང་མི་ཤེས་མཁན་ཡོད་ལ། གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་མཁན་ཡོད་པ་ནི་༧གོང་ས་མཆོག་ཐུགས་ཕམ་དགོས་པའི་གནས་སྟངས་འཚབ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཆུང་ངུ་འབྲུག་ལྟ་བུ་ཞིག་ལ་བལྟས་ནས་ང་ཚོ་བོད་པའི་སློབ་ཕྲུག་གི་ཁྲོད་ནས་དབྱིན་ཇིའི་སྐད་ཡིག་ཇེ་ལེགས་སུ་གཏོང་དགོས་པར་མཐོང་།

དཔལ་འབྱོར་གྱི་སྐོར། འབྲུག་ཡུལ་གྱི་ནང་སྤྲང་པོ་ཕལ་ཆེར་མཐོང་རྒྱུ་མེད་ཟེར་ཆོག་ལ། འབྲུག་གཞུང་ནས་འབྲུག་པ་རྣམས་ལ་རང་རང་གི་འཇོན་ཚོད་ལ་དཔག་པའི་ལས་ཀ་རེ་གནང་གི་ཡོད་འདུག་ལ། ཕོགས་ཐོབ་ཀྱང་འདང་ངེས་ཤིག་ཡོད་པར་བརྟེན་རང་ཁ་རང་གསོའི་ལམ་ནས་འཚོ་བ་བསྐྱལ་གྱི་ཡོད་འདུག་པ་ལས་སྦྱིན་བདག་འཚོལ་བས་མཚོན་པའི་ཐམས་ཅད་གཞན་གྱི་ས་ནས་རག་ཐབས་གནང་གི་མེད་འདུག་པས་འབྲུག་གི་རྒྱལ་ཁབ་འདིའི་ནང་ཕྱུག་བདག་གྲགས་ཅན་ཞིག་མེད་ལ། སྐྱོ་ཤོས་ཤིག་ཀྱང་མེད་པར། ཐམས་ཆད་འདྲ་མཉམ་དུ་གནས་ཡོད་པས། འཛམ་གླིང་གི་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་ཚོས་འབྲུག་ཡུལ་འདི་དཔལ་འབྱོར་འོས་འཚམས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ནང་། རང་ཁ་རང་གསོའི་རིང་ལུགས་ཤིན་ཏུ་ཉམས་ཤིང་། གཞན་དབང་སྟབས་བསྟུན་ཤུགས་ཆེ་དྲགས་པའི་དབང་གིས་གཞན་གྱི་ས་ནས་སློང་བ་དང་། ཉམས་ཐག་ཟློས་གར་འཁྲབ་སྟོན་འོག་ནས་མགོ་སེར་སྦྱིན་བདག་འཚོལ་བའི་ལམ་ལུགས་ཤུགས་ཆེན་དར་ནས་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་སྟོན་རྒྱུའི་བསམ་བློ་ཇེ་རིང་དུ་གྱུར་པ་རེད། ད་ལྟའི་ཆར་༧གོང་ས་མཆོག་གི་དྲིན་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་སྤྲང་པོ་དམིགས་བསལ་བ་མང་པོ་མེད་ཀྱང་། གཞན་བསྟེན་རིང་ལུགས་འདི་རྒྱུན་རིང་ཕྱིན་ཚེ་ནམ་ཞིག་བོད་པའི་སྤྱི་ཚོགས་ཀྱི་ནང་སྤྲང་པོ་ཤ་སྟག་གིས་གང་བའི་ཉེན་ཁ་ནི་ང་ཚོས་མཐོང་བཞིན་པ་རེད།

ཁོར་ཡུག་གི་སྐོར། འབྲུག་ནི་རི་ངོགས་སུ་ཆག་པའི་རྒྱལ་ཁབ་ཅིག་ཡིན་ལ། འབྲུག་རང་དུ་བཟོ་གྲྭ་ཆེན་པོ་མེད་པས་མཁའ་རླུང་གཙང་ཞིང་། ཤིང་ནགས་ལ་གཅེས་སྤྲས་ལེགས་པོར་བྱས་པས་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་ཡིན། དེའི་ཁར་འབྲུག་གི་ཡུལ་དུ་ཐ་མག་འཚོང་མཁན་རྐང་གཅིག་མཐོང་རྒྱུ་མེད་ལ། འཐེན་མཁན་ཡང་ཆེས་དཀོན་པོ་རེད། འབྲུག་ཡུལ་ནི་འཛམ་གླིང་ནང་རྒྱལ་ཡོངས་ཐ་མག་བཀག་སྡོམ་བྱེད་པའི་རྒྱལ་ཁབ་དང་ཤོས་དེ་ཡང་ཡིན་པ་རེད།ད་དུང་འབྲུག་ཡོངས་ལ་འགྱིག་ཁུག་བེད་སྤྱོད་བཏང་ཆོག་གི་མེད་པས་ས་ཕྱོགས་གཡས་གཡོན་དུ་གད་སྙིགས་ཀྱང་དེ་ཙམ་མཐོང་རྒྱུ་མེད།  ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཐ་མག་ཉེན་ཐལ་འཐེན་མང་པོ་ཡོད་ཅིང་། དེ་ལས་སྡུག་ན་སྨན་ཁབ་འདྲ་མིན་རྒྱག་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་ཡིན་པས། བོད་མི་རིགས་དང་བཅས་པ་རྩ་མེད་གཏོང་བའི་བྱ་སྤྱོད་འདི་རིགས་མཚམས་འཇོག་དགོས་པ་དང་། བོད་པའི་སྤྱི་ཆོགས་རང་རང་གི་ནང་ཁོར་ཡུག་གཙང་བཟོའི་ལས་གཞི་གོང་སྤེལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པར་མཐོང་།

འདི་དག་ནི་ཁོ་བོས་འབྲུག་ཡུལ་ནས་མཐོང་བ་དང་དེའི་ཐོག་ངའི་གྲོགས་པོ་འབྲུག་དུས་བབ་ཀྱི་དབྱིན་སྐད་རྩོམ་སྒྲིག་པ་འབྲུག་པ་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་བ་སོགས་ཡིན་པས་ང་ཚོ་བོད་པའི་སྤྱི་ཚོགས་སུ་གོང་གི་ལེགས་ཆ་དེ་རྣམས་ལག་བསྟར་ཡོང་བའི་ཐབས་ལ་འབད་དགོས་པར་མཐོང་།

{jcomments on}