བལ་ཡུལ་མཆོད་རྟེན་གཉིས་ཀྱི་ཁུལ་དུ་འོས་སྒམ་༡༩ ཕྲོགས་པ།
དེ་ཡང་ཟླ་འདིའི་ཚེས་༣ ཉིན་བོད་རིགས་གནས་སྡོད་བྱེད་སའི་ས་གནས་གང་སར། བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང། བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར། བོད་མི་ཚོས་སྔོན་དུས་དང་མི་འདྲ་བ་འོས་འཕེན་གྱི་ཆ་ཤས་ཧ་ཅང་ཡག་པོ་བླངས་ཡོད་པའི་སྐོར། བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཡོད་ནའང། བལ་ཡུལ་དུ་བོད་མི་ཚོས་འོས་འཕེན་བཞིན་པའི་སྐབས། གློ་བུར་དུ་ས་གནས་ཉེན་རྟོག་པ་ཡོང་ནས་འོས་སྒམ་རྣམས་བཙན་འཕྲོག་བྱས་ཡོད་པ་རེད།
གནད་དོན་དེའི་སྐོར་འདི་གའི་གསར་འགོད་པས། དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཡང་ཁོ་རྒྱལ་ལ་བཅར་འདྲི་ཞུས་པར་ཁོང་གིས། བལ་ཡུལ་ནས་ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། འོས་སྒམ་ཕྲོགས་ཤོར་སའི་ས་གནས་དེ་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན་གཉིས་ཆགས་ཡོད་པ་དང། དང་ཐོག་འོས་མ་འཕངས་པའི་སྔོན་ནས་ས་གནས་རྫོང་ལ་བཀའ་ཁྲོལ་ཞུས་ཡོད་རུང། འོས་འཕེན་བཞིན་པའི་སྐབས་སྐོར་སྲུང་བ་ཕལ་ཆེར་༣༠ ཙམ་སླེབས་ནས། འོས་སྒམ་འཁྱེར་དགོས་པ་དེ་བལ་ཡུལ་ནང་སྲིད་ནས་བཀའ་ཕབ་ཡོད་པ་རེད་ཟེར་ནས། འཕགས་པ་ཤིང་ཀུན་ནས་འོས་སྒམ་༡༡ དང་མཆོད་རྟེན་བྱ་རུང་ཁ་ཤོར་ནས་༨ བཅས་ཁྱོན་འོས་སྒམ་༡༩ བཙན་འཕྲོག་བྱས་ཡོད་པ་རེད། ད་ལྟའི་སྐབས་ང་ཚོ་འོས་བསྡུའི་ལས་ཀ་བྱེད་མཁན་ཚོས་བསམ་བློ་བཏང་ནས་ལས་འཆར་འགོད་བཞིན་ཡོད་ཀྱང། གཙོ་བོ་བལ་ཡུལ་གྱི་གནས་བབས་གཞིར་བཞག་ནས་ལས་ཀ་བྱེད་དགོས་པས། ད་ལྟའི་བར་ལས་ཀ་འདི་འདྲ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ང་ཚོས་གསལ་པོ་གང་ཡང་ཐག་ཆོད་མ་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
འོས་སྒམ་ཕྲོགས་པའི་སྐབས་འོས་འཕེན་མ་ཐུབ་མཁན་ག་ཚོད་ཙམ་ལྷག་ཡོད་དམ་ཞེས་དྲིས་པར། ཁོང་གིས་མཆོད་རྟེན་གཉིས་ཀྱི་ས་གནས་ཁག་ཏུ་མ་གཏོགས། གཞན་བལ་ཡུལ་གྱི་ས་གནས་གཞན་ཁག་ཏུ་དེ་འདྲའི་གནས་སྟངས་བྱུང་ཡོད་མ་རེད། འོས་སྒམ་ཤོར་སའི་ས་གནས་ཁག་དེ་གཉིས་ནང་ཕལ་ཆེར་བརྒྱ་ཆ་༩༠ ཙམ་གྱིས་འོས་འཕངས་ཚར་འདུག་ཅེས་གསུངས་བྱུང།
བལ་ཡུལ་གྱི་ས་གནས་མང་པོའི་ནང་འོས་འཕེན་ཐུབ་ཡོད་རུང། འོས་སྒམ་༡༩ ཙམ་ཕྲོགས་ཤོར་ཡོད་པ་དེ་ཕོན་ཆེན་ཆགས་པ་རེད། སྤྱིའི་ཆ་ནས་བལ་ཡུལ་དུ་དེབ་སྐྱེལ་བྱེད་མཁན་བོད་མིའི་གྲངས་ག་ཚོད་ཙམ་ཡོད་ན་ཅེས་དྲིས་པར། ཁོང་གིས། བལ་ཡུལ་གྱི་ས་གནས་ཡོངས་རྫོགས་བསྡོམས་ན། དེབ་སྐྱེལ་བྱེད་མཁན་བོད་མི་གྲངས་༡༡༣༡༠ ཙམ་བྱུང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།།
{jcomments on}