སྔོན་འགྲོའི་འོས་བསྡུའི་ཉིན་གྱི་མཐོང་ཐོས།

ང་དེར་འབྱོར་དུས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་འོས་ཤོག་འཕེན་པར་ཕེབས་འདུག ཕར་ཕྱོགས་དཀྱིལ་ཙམ་དེར་འགྱིག་གི་རྐུབ་སྟེགས་གཉིས་ཀྱི་སྒང་དུ་འོས་སྒམ་གཉིས་བཞག་འདུག ཧོབ་སྟེ་བལྟ་དུས་གྲ་སྒྲིག་དེ་ཙམ་འཐུས་ཚང་མེད་པའི་ཚོར་སྣང་ཞིག་ཡོང་གི་འདུག ཟམ་གདོང་རིན་པོ་ཆེས་འགེང་ཤོག་བརྒྱངས་ཚར་ནས་འོས་སྒམ་འགྲམ་དུ་ཕེབས་དུས་ཟམ་གདོང་རིན་པོ་ཆེས་འོས་བསྡུའི་ཚོགས་མི་ཞིག་ལ་འདི་གཉིས་གཅིག་པ་རེད་དམ་ཞེས་སྐད་དྲིས་སོང་བ་མ་ཟད། སྐར་ཆ་འགའ་ཤས་རིང་ལ་ཟམ་གདོང་རིན་པོ་ཆེས་ནན་གྱིས་གཟིགས་ནས་ཕལ་ཆེར་འོས་སྒམ་དེ་གཉིས་ལ་ཁྱད་པར་ཞིག་དགོས་ཀྱི་ཡོད་པའི་རྣམ་པ་ཞིག་བསྟན་སོང་ལ། འོས་བསྡུའི་ཚོགས་མི་དེ་ལ་གཅིག་གསུངས་སོང་། འོན་ཀྱང་གསལ་པོ་གོ་མ་བྱུང་། དེ་ནས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་བཅས་མཐོ་རིམ་མི་སྣ་ཁག་ཅིག་གིས་འོས་ཤོག་རིམ་བཞིན་འཕངས་སོང་།

སྐབས་དེར་ང་ཡང་བང་བསྒྲིགས་ནས་འོས་ཤོག་འཕེན་པར་སོང་བ་ཡིན། ངའི་འགེངས་ཤོག་བརྒྱངས་ཚར་དུས་འགྲམ་དུ་མི་ཞིག་གིས་ང་ལ་ཡི་གེ་འབྲི་རོགས་ཟེར། ངས་ཀྱང་དེ་བཞིན་འབྲི་རོགས་བྱས་པ་ཡིན། ངས་སྨྱུ་གུ་གྲ་སྒྲིག་བྱས་ནས་དེར་མི་མང་བས་རྐུབ་སྟེགས་རག་རྒྱུ་ཁག་པོ་འདུག གནམ་གཤིས་ཡང་ཉི་མ་ཚ་པོ་ཞེ་དྲག་འདུག་པས་ཡུན་རིང་པོ་ལངས་རྒྱུ་དཀའ་ལས་ཁག་པོ་འདུག གངས་སྐྱིད་ཀྱི་རླངས་འཁོར་འཇོག་སའི་ཁང་པ་དེ་ཚོའི་ནང་རྐུབ་སྟེགས་གསུམ་བཞི་རེ་བཙུགས་ནས་དེའི་འགྲམ་མི་རྣམས་བང་བསྒྲིགས་འདུག ངས་རྐུབ་བཀྱག་མ་རག་བར་སྒུག་མ་བསྡད་པར་ཁང་པ་དེའི་ཟུར་ཞིག་ན་རླངས་འཁོར་གྱི་འཁོར་ལོ་གཉིས་བཞག་འདུག་པ་དེའི་སྒང་དུ་བསྡད་ནས་བྲིས་པ་ཡིན།

དེ་ནས་མི་དེ་ལ་བཀའ་ཁྲི་སུ་འབྲི་དགོས་པ་རེད་ཅེས་དྲིས་དུས། ཁོས་རྒྱ་རི་སྒྲོལ་མ་ཡིན་ཟེར། ངས་ཀྱང་དེ་བཞིན་འབྲི་རོགས་བྱས། དེ་ནས་རིམ་བཞིན་སྤྱི་འཐུས་ཆ་ཚང་གྲ་སྒྲིག་འདུག་པས་ངས་ཀྱང་དེ་ལྟར་འབྲི་རོགས་བྱས་རྗེས་ང་ཕྱིན་པ་ཡིན། ངས་འོས་ཤོག་འོས་སྒམ་དུ་འཕངས་རྗེས་ཕར་ཙམ་ཕྱིན་དུས། ལམ་འགྲམ་དེར་ངའི་རོགས་པ་ཞིག་དང་མཉམ་དུ་ཕོ་གསར་ཞིག་འདུག ཁོས་བཤད་རྒྱུར། ངས་དབུས་གཙང་གི་སྤྱི་འཐུས་ཆ་ཚང་གྲ་སྒྲིག་བྱས་ཡོད་ཀྱང་ལག་དེབ་ལྗང་ཁུའི་ནང་དུ་ཕ་ཡུལ་འབའ་པ་ཞེས་བྲིས་འདུག་པས། ད་མདོ་སྟོད་ཀྱི་སྤྱི་འཐུས་གྲ་སྒྲིག་མེད་ཚུལ་བཤད་ཀྱི་འདུག ང་ཅུང་ཙམ་ཡ་མཚན་གྱིས་སྐད་ཆ་དྲིས་དུས། ཁོ་རང་གི་ཕ་དབུས་གཙང་ཡིན་པས་དེ་སྔོན་དབུས་གཙང་ཡིན་ཤག་གིས་ཕྱིན་པ་རེད། འོན་ཀྱང་ད་ལྟ་ཨ་ཕ་གྲོངས་ཚར་བས་ཨ་མའི་ཕྱོགས་སུ་བྱས་ནས་ལག་དེབ་ནང་དུ་དེ་ལྟར་བྲིས་འདུག་ཟེར། དེ་ནས་ཁོ་རང་གིས་མདོ་སྟོད་སྤྱི་འཐུས་འོས་མི་ཁག་ཅིག་གྲ་སྒྲིག་བྱེད་པར་ཕྱིན་སོང་།

སྤྱིར་བཏང་ད་ལོའི་བོད་པ་འདི་ཚོ། གཉིད་སད་པའི་བཟོ་འདྲ་ཞིག་འདུག སྤྱི་འཐུས་སུ་བདམས་དགོས་མིན་དང་། བཀའ་ཁྲི་སུ་བདམས་དགོས་མིན་ཕལ་ཆེ་བ་ལ་རང་ཉིད་ཀྱིས་གྲ་སྒྲིག་བྱས་འདུག དཔེར་ན། ང་དང་མཉམ་དུ་བང་སྒྲིག་མཁན་གྱི་ཁམས་པའི་ཕོ་གསར་བཞི་ལྔ་ཞིག་ཡོད་པ་རྣམས་ཚང་མས་སོ་སོས་འོས་མི་རེ་ཐག་བཅད་ཚར་ཡོད་པ་རྐྱང་རྐྱང་རེད་འདུག གཞི་ནས་ག་རེ་བྱེད་དགོས་པ་རེད། སུ་བདམས་དགོས་པ་རེད་ཅེས་སྐད་འདྲི་མཁན་དེ་འདྲ་གཅིག་ཀྱང་མི་འདུག མ་ཟད་ང་ཚོའི་ཉེ་འགྲམ་ན་ཡོད་པའི་ཨ་ཅག་ཁ་ཤས་དང་་བུ་མོ་དེ་འདྲ་འདུག དེ་ཚོའི་ནང་དུའང་གྲ་སྒྲིག་མེད་ཚུལ་གྱིས་སྐད་ཆ་འདྲི་མཁན་དེ་འདྲ་གཅིག་ཀྱང་མི་འདུག ཚང་མས་སོ་སོ་ལ་གདེང་ཚོད་ཡོད་པའི་རྣམ་པ་ཞིག་བསྟན་གྱི་འདུག

ངས་ཉིན་དེའི་ཡར་སྔོན་དུ་མེག་གྷན་དུ་ཡོད་པའི་ངོ་ཤེས་ཁ་ཤས་ལ་ཁ་པར་བཏང་ནས་འོས་ཤོག་སྐོར་སྐད་ཆ་བཤད་དུས། ཁོ་ཚོས་འགྱོད་པ་ཆེན་པོའི་ངང་ནས་ང་ཚོ་འདིར་ཡོད་པའི་གསར་འབྱོར་བ་ནམ་རྒྱུན་མེག་གྷན་དུ་ཡོད་མཁན་ངོ་ཤེས་པ་མི་བདུན་བརྒྱད་ཙམ་འདུག་པ་ཚང་མས་དེབ་སྐྱེལ་བྱས་མི་འདུག ཚང་མ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་མཁན་རེད་འདུག་སྟེ། དེབ་སྐྱེལ་བྱས་མེད་པས་འོས་ཤོག་འཕེན་རྒྱུ་ཡོད་མ་རེད། ད་འགྱོད་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་ཟེར་གྱི་འདུག ད་དུང་ཁོ་ཚོས་བློ་བཟང་སེང་གེ་ལ་འོས་ཤོག་འཕེན་མ་ཐུབ་རུང་ཁོང་ལ་འོས་ཤོག་ཐོབ་པའི་ཆེད་དུ་སྨོན་ལམ་རྒྱག་གི་ཡིན་ཟེར་གྱི་འདུག ངས་ཁོ་ཚོ་ལ་དེ་ལྟར་བཤད་ཀྱང་ཕན་ཐོགས་ཡོད་མ་རེད། དྷ་རམ་ས་ལ་འདི་ཁྱབ་བསྒྲགས་ཀྱི་ལྟེ་གནས་ཤིག་རེད། དེབ་སྐྱེལ་བྱེད་པའི་དུས་ཚོད་དེ་ཚོ་བརྒྱུད་ལམ་ཁག་དང་སྲང་ལམ་སོགས་སུ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་ཡོད་རེད། ཁྱོད་ཚོས་དོ་སྣང་མ་བྱས་པ་ཧ་ཅང་བློ་ཕམ་རེད་ཅེས་སོགས་འགྲེལ་བཤད་བྱས་ཀྱང་། ད་དུང་བཀའ་ཁྲི་མ་གཏོགས་སྤྱི་འཐུས་ཟེར་བ་ག་རེ་ཡིན་མིན་ཡང་ཤེས་ཀྱི་མི་འདུག་ལ་དོ་སྣང་བྱེད་འདོད་མི་འདུག་ཅེས་བཤད་ཀྱི་འདུག ངས་ད་དུང་འགྲེལ་བཤད་གང་ཐུབ་བྱས་པ་ཡིན་ཏེ་ད་དུང་མེག་གྷན་གྱི་གསར་འབྱོར་ལོ་ཆུང་ཁག་ཅིག་གི་བློ་ཁ་འགུག་རྒྱུ་ཁག་པོ་རེད་འདུག །