དབུས་གཙང་སྤྱི་འཐུས་འོས་མིས་ཆ་རྐྱེན་གཉིས་ལ་ཁས་ལེན་བྱས་ཡོད་པ་རེད།

ཕྱི་ཟླ་༩ ཚེས་༢༩ ཉིན་འདི་ག་མོན་གྷོ་གཞིས་ཆགས་སུ་ས་གནས་དབུས་གཙང་མི་མང་བསྡུ་སྐོང་གིས་ཚོགས་འདུ་ཞིག་ས་གནས་བུད་མེད་ཚོགས་ཁང་དུ་འཚོགས་ཡོད་པ་དང་། དབུས་གཙང་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་དོན། དབུས་གཙང་ཆོལ་ཁས་བཏོན་པའི་བཀའ་སྤྱི་གཉིས་ཀྱི་འོས་དམིགས་ནི་ས་གནས་༢༨ ནས་སླེབས་པའི་དབུས་ས་གཉིས་ཀྱི་འཐུས་མི་ཚོས་མཉམ་རུབ་ཐོག་མང་མོས་རྩེ་བཏོག་གིས་བཏོན་ཡོད་པ་རེད། འོས་དམིགས་དེ་དག་གིས་ཁྱད་ཆོས་དང་ཡོན་ཏན། ལས་གནས་སོགས་ཁྱབ་བསྒྲགས་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། དེ་ཡང་བཀའ་ཁྲིའི་འོས་དམིགས་ལ་མཚོན་ན་བརྒྱུད་རིམ་ཐོག་ནས་དབུས་གཙང་ཆོལ་ཁའི་ངོས་ནས་སྐབས་དང་པོ་དང་གཉིས་པར་མི་གཅིག་རང་བཏོན་ཡོད་པས་མི་གཅིག་འོས་གཞིར་འདོན་རྒྱུར་ཐག་གཅོད་བྱུང་བ་ཞིག་རེད།

 

དབུས་གཙང་མི་མང་གི་མངོན་འདོད་དང་རེ་བ་བརྒྱབ་པས་ནང་བཞིན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་ཁྲིར་ལངས་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་རེད།  དང་ཐོག་མང་མོས་རྩེ་བཏོག་བཀའ་ཁྲིའི་འོས་དམིགས་གསུམ་ལས་བཀའ་ཟུར་བཀྲིས་དབང་འདུས་དང་རྗེ་བཙུན་པདྨ་གཉིས་དགོངས་པ་ཞུས་པ་རེད། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མང་ཚོགས་ངོས་ནས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཐག་གཅོད་བྱུང་བ་རེད། ཁོང་ནི་ད་བར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཐོག་རླབས་ཆེན་གྱི་མཛད་རྗེས་གང་མང་ཡོད་མཁན་ཞིག་ཡིན་པ་མ་ཟད། ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་རེད།

འོན་ཀྱང་སྤྱི་ཚོགས་ཁྲོད་ཁོང་དཔལ་འབྱོར་བཀའ་བློན་སྐབས་གཞུང་དངུལ་འབུམ་༧ ཟོས་ཡོད་རེད། བཀའ་ཁྲིའི་ལས་ཡུན་མ་ཚང་སྔོན་ལ་ཕྱི་རྒྱལ་ལ་ཕེབས་རེད་ཅེས་པ་སོགས་ཀྱི་ལབ་གླེང་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཚོ་དོན་དངོས་མ་ཡིན་པའི་སྐྱོན་བརྗོད་འབའ་ཞིག་ཡིན་པ་ལས། ཁུངས་སྐྱེལ་ར་སྤྲོད་གང་ཡང་བྱེད་རྒྱུ་མེད་པ་ཡིན་པས་རྒྱ་ཆེའི་མི་མང་གི་དོགས་པ་རྣམ་རྟོགས་དགོས་པ་མ་རེད་ཅེས་འགྲེལ་བཤད་མང་པོ་བསྐྱོན་སོང་།

 

དེ་ཡང་ཁོང་བཀའ་ཁྲིའི་ལས་ཡུན་མ་ཚང་སྔོན་ལ་དགོངས་པ་ཞུས་པ་དེ། སྐབས་དེར་བོད་གཞུང་གི་ལས་བྱེད་ཚོར་གསོལ་ཕོགས་ཡག་པོ་མེད་སྟབས་ནང་མིའི་དཀའ་ངལ་ལ་བརྟེན་ནས་ཕྱི་རྒྱལ་ལ་ཕེབས་ཡོད་པ་རེད། སྐབས་དེ་དུས་རེ་ཞིག་ང་བཀའ་བློན་ཁྲི་པ་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ང་ཚོས་སྔོན་འགྲོ་ནས་རྡོག་སྒྲིག་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་བརྒྱ་ཆ་༥༡ ལྷག་ལ་སླེབས་ཡོད་ན་གཞན་དག་གིས་དགོངས་པ་ཞུས་ཚེ། ཁ་གཏད་མེད་པའི་བཀའ་ཁྲི་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང་། གཞན་ཡང་སོ་སོས་སླེབས་ན་བསམ་པ་ནང་བཞིན་སླེབས་ཐུབ་མིན་སོགས་ལ་བརྟེན་མི་མང་ངོས་ནས་གཟབ་གཟབ་བྱས་ཏེ། སྔོན་འགྲོའི་འོས་བླུག་དགོས་པ་གལ་ཆེན་པོ་རེད། དེ་བཞིན་སྤྱི་འཐུས་ཀྱི་འོས་གཞི་ཡང་དབུས་ས་གཉིས་ཀྱི་མི་མང་གིས་འཐུས་ཚབ་ཚང་འཛོམས་ཐོག་དབུས་གཙང་ཆོལ་ཁས་ཆ་རྐྱེན་གཉིས་བཏོན་པ་དེ་ཆོལ་ཁའི་ལངས་ཕྱོགས་གཞིར་བཟུང་ཐོག་གྲོས་ཆོད་བཞག་པ་ཞིག་རེད།

བར་ལམ་དབུས་གཙང་ཆོལ་ཁའི་ངོས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་ཆ་རྐྱེན་བཏོན་ཡོད་པ་དེར་བོད་ཀྱི་དུས་བབ་དྲ་རྒྱ་དང་ཚགས་ཤོགས་སོགས་བརྒྱུད་ལམ་ཁག་གཅིག་གི་ནང་འདྲ་མིན་སྣ་ཚོགས་ཤིག་ལབ་གླེང་བཟོས་ནས་བཏོན་ཡོད་པ་རེད། དེ་ཚོ་ཧང་སངས་དགོས་པ་གང་ཡང་ཡོད་པ་མ་རེད། ཚགས་པར་དེ་ཚོ་ལ་ཆ་བཞག་པ་ཡིན་ན་སོ་སོའི་ལྟོ་གོས་ཆེད་རེད། སོ་སོའི་འདོད་ཕྱོགས་དང་མ་མཐུན་པ་ཞིག་བྱུང་ན་དེར་དྲང་བདེན་མ་ཡིན་པའི་གླེང་ཕྱོགས་འདྲ་མིན་བཟོ་བཞིན་ཡོད་པ་རེད། དེར་བརྟེན། དེ་ཚོར་མི་མང་ནས་ཡིད་ཆེས་དང་ཆ་འཇོག་གནང་རྒྱུ་ཡོད་པ་མ་རེད། བོད་གཞུང་གིས་ཚགས་པར་ནང་ལ་གང་ཡང་བཏོན་ཡོད་པ་མ་རེད་ཅེས་གསུངས་སོང་།

དེ་བཞིན་དྲི་བ་དྲིས་ལན་སྐབས་ཀྱང་ཚོགས་གཙོ་མཆོག་ནས་གསུང་དོན། ང་ཚོའི་ངོས་ནས་ཆ་རྐྱེན་གཉིས་བཏོན་ཡོད་པ་དང་དེར་འོས་དམིགས་ཚོའི་ངོས་ནས་ཁས་ལེན་ས་རྟགས་བརྒྱབ་པ་དངོས་བདེན་རེད། མི་མང་གིས་ཁྱེད་རང་ཚོར་རེ་བ་བྱེད་ཀྱི་འདུག དེ་ཁྱེད་རང་ཚོར་མོས་མཐུན་ཡོད་དང་མེད་ཅེས་ཞུས་པ་རེད།  ང་ཚོའི་ངོས་ནས་དེ་འགྲིག་མེད་པ་ཞིག་མཐོང་གི་མེད། གལ་སྲིད་འགྲིག་མེད་པ་ཡིན་ན་དོ་བདག་སོ་སོས་འགན་ཁུར་དགོས་པ་རེད། མ་གཏོགས་དབུས་གཙང་ཆོལ་ཁ་ནག་པོ་བཟོ་རྒྱུ་ཡོད་པ་མ་རེད། འོན་ཀྱང་ཁ་དོན་ཚིག་ལ་གནས་དགོས་པ་རེད་དྲན་གྱི་ཡོད། གནས་དང་མི་གནས་དེ་སོ་སོས་ལྟ་རྒྱུ་རེད། ཁོ་རང་ཚོས་གནང་བ་རེད། དབུས་གཙང་ཆོལ་ཁ་ལ་གང་ཡང་ལབ་རྒྱུ་ཡོད་པ་མ་རེད།

མདོར་བསྡུས་ནས་བཤད་ན་དབུས་གཙང་ཆོལ་ཁས་བཏོན་པའི་བཀའ་སྤྱི་གཉིས་ཀྱི་འོས་མི་དབུས་གཙང་མི་མང་གིས་མངོན་འདོད་རེད། དེར་བརྟེན་མི་མང་མགོ་སྐོར་དང་བསླུ་བྲིད་ཀྱི་འོག་ལ་མི་འགྲོ་བར་གཟབ་གཟབ་བྱས་ནས་འོས་ཤོག་བླུག་དགོས་པ་རེད་ཅེས་གསུང་སོང་།།
མོན་གྷོ་གསར་འགོད་པས།

{jcomments on}