འོས་སྒམ་ཕྲོགས་པ་དེར་རྟོག་ཞིབ་བྱེད་རྒྱུ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཐེངས་འདིའི་མཇལ་འཕྲད་དང་བསྟུན་ནས། བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ཀྱིས། བཙན་བྱོལ་བོད་མིའི་བཀའ་སྤྱིའི་སྔོན་འགྲོའི་འོས་འཕེན་སྐབས། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་གློ་བུར་དུ་བལ་ཡུལ་ཉེན་རྟོག་པས་འོས་སྒམ་བཙན་འཕྲོག་བྱས་པའི་སྐོར་གསལ་བཤད་གནང་ཡོད་པ་དང། སྐབས་དེར་ཨ་རིའི་གཞུང་ཚབ་མཆོག་ནས་གནད་དོན་དེར་སེམས་འཚབ་གནང་ཡོད་པ་མ་ཟད། གནད་དོན་དེར་རྟོག་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
དེ་བཞིན་དམིགས་བསལ་སྐུ་ཚབ་མཆོག་ནས་གསར་འགོད་པ་ཚོར་གསུང་དོན། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བལ་ཡུལ་ནང་བྱུང་བའི་དོན་རྐྱེན་དེ། སེམས་འཚབ་དང་བློ་འགྱོད་སྐྱེ་གཞི་ཞིག་ཡིན། གནད་དོན་དེ་འདྲ་ཞིག་བོད་མི་ཚོར་བྱུང་བའི་རྒྱུ་མཚན་དུ་བྱས་ནས་སེམས་འཚབ་སྐྱེ་དགོས་པ་ཞིག་ཡིན་པ་ངས་བརྗོད་ཀྱི་མེད། འོན་ཀྱང་བལ་ཡུལ་རང་ཉིད་རང་བཙན་རྒྱལ་ཁབ་ཅིག་ཡིན་བཞིན་དུ། དོན་རྐྱེན་དེ་འདྲ་ཞིག་བྱུང་བ་དེས་རྗེས་འབྲས་ག་རེ་ཡོང་གྲབས་བཤད་ཚོད་དཀའ་བ་དང། ད་ཆ་བལ་ཡུལ་དེ་རྒྱ་ནག་གི་རང་སྐྱོང་མངའ་ཁུལ་ལྟ་བུ་ཞིག་ཆགས་ཡོད། བལ་བོད་གཉིས་ལོ་རྒྱུས་ཐོག་ཡུན་རིང་གི་འབྲེལ་བ་ཡོད་པར་བརྟེན་གནད་དོན་དེ་རིགས་སེམས་འཚབ་སྐྱེ་གཞི་ཞིག་རེད།
བོད་མི་ཚོའི་འོས་ཤོག་དེས་རྒྱ་ནག་ལ་རྒྱབ་འགལ་བྱས་པ་ཞིག་མིན་ནའང། བལ་ཡུལ་གཞུང་ནས་དེ་འདྲ་བྱས་པ་དེས། རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ལ་བལ་ཡུལ་སྲིད་གཞུང་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་དུ། བོད་མི་ཚོའི་འོས་ཤོག་འཕེན་རྒྱུར་འགོག་རྐྱེན་བཟོས་པ་ཞིག་རེད། འོན་ཀྱང་གནད་དོན་དེའི་རིགས་ཀྱིས་རྒྱལ་སྤྱིའི་ནང་བོད་མི་ཚོའི་མང་གཙོའི་རྣམ་པ་མངོན་གསལ་ཇེ་ཆེར་འགྲོ་ངེས་ཤིག་ཆགས་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།།
{jcomments on}