ལག་ཐོགས་ཁ་པར་ནང་གི་ས་ཁྲ་ལ་ངོ་རྒོལ།

mapiniphone_1.jpgདེ་ཡང་ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིར་རྟེན་གཞི་བྱས་པའི་བཟོ་གྲྭ་ནས་ལག་ཐོགས་ཁ་པར་ཐོན་གསར་པ་ཨཱ་ཡི་ཧྥོན་ནང། རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཅན་གྱི་ས་ཁུལ། རྒྱ་གར་བྱང་ཤར་དུ་ཡོད་པའི་ཨ་རུ་ནཱ་ཅལ་མངའ་སྡེ་རྒྱ་ནག་གི་ཆ་ཤས་ལྟ་བུའི་ས་ཁྲ་བཟོས་ཡོད་པས། རྒྱ་གར་དབུས་དང་མངའ་སྡེ་གཉིས་ཀས། ས་ཁྲ་དེ་ནི་ཁུངས་མེད་རྫུན་བཟོ་དང་གནད་དོན་དེ་ཉེན་ཚབས་ཅན་ཞིག་ཡིན་པས། ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་ཞེས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

གནད་དོན་དེའི་ཐད། ཨ་རུ་ནཱ་ཅལ་མངའ་སྡེ་དེ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཏཱ་ཀམ་སན་ཇཱིས། “ད་ལྟའི་སྐབས་ང་ཚོའི་ངོས་ནས་ས་ཁྲ་དེ་མྱུར་དུ་སྒྱུར་བཅོས་གཏོང་དགོས་པའི་ཞུ་གཏུག་བྱེད་ངེས་ཡིན་ལ།  ཨ་རུ་ནཱ་ཅལ་མངའ་སྡེ་འདི་རྒྱ་གར་གྱི་ཆ་ཤས་རྩོད་མེད་ཡིན་པ་ར་སྤྲོད་བྱེད་རྒྱུ་ཡིན། སྤྱིའི་ཆ་ནས་གནད་དོན་འདི་འདྲ་བ་བྱུང་བ་དེ་རིང་དང་པོ་མིན་ལ། འདས་པའི་ལོ་གཉིས་ཀྱི་ནང་གྷུའུ་གྷལ་དྲ་གནས་སུ་ཐེངས་༢ ཙམ་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

སྐབས་དེར་ངས་རྒྱ་གར་དབུས་གཞུང་བརྒྱུད་ནས། གནད་དོན་དེའི་ཐད་འཚོལ་ཞིབ་དང་སྒྱུར་བཅོས་བྱེད་དགོས་པའི་སྐོར་ཞུ་གཏུག་བྱས་པ་བཞིན། ལོ་འདིའི་འགོ་སྟོད་དུ་གྷུའུ་གྷལ་དྲ་གནས་ཁང་གི་དགོངས་སེལ་གྱི་ཡི་གེ་ཞིག་བཏང་ཡོད་པ་རེད། ཡིན་ནའང་དགོངས་སེལ་སྟོང་པ་ཞིག་གིས། མངའ་སྡེ་འདིའི་མི་མང་གི་སེམས་ནང་རྨ་ཁ་བཟོས་ཡོད་པ་གསོ་ཐུབ་ཀྱི་མ་རེད། གནད་དོན་འདི་ནི་ལག་ལེན་དངོས་ལ་བསྟར་དགོས་པ་ཞིག་རེད་”ཅེས་བརྗོད་ཡོད་པ་རེད།

སྔོན་དུས་ཕྱི་ལོ་༡༩༡༤ ཨ་རུ་ནཱ་ཅལ་མངའ་སྡེ་དེ་རྒྱ་གར་གྱི་ཆ་ཤས་ཡིན་པའི་ཆིངས་ཡིག་ཤིག རྒྱ་དཀར་ནག་གཉིས་དབར་བཞག་ཡོད་རུང། དེང་སྐབས་རྒྱ་ནག་གཞུང་གིས་ཆིངས་དོན་ལ་རྩིས་མེད་ཀྱིས། ཨ་རུ་ནཱ་ཅལ་མངའ་སྡེ་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་སྐོར་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། དེ་བཞིན་མངའ་སྡེ་དེའི་དཔོན་རིགས་ཚོ་རྒྱ་ནག་ཏུ་ཚོགས་འདུ་སོགས་སུ་ཕེབས་འཆར་ཡོད་དུས། རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་དཔོན་པོ་སུ་ཡིན་རུང་། ཐོངས་མཆན་མི་དགོས་པར་ཤར་བསྐྱོད་བྱེད་ཆོག་རབས་སོགས་བརྗོད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}

.