རེའུ་མིག་ཆ་ཚང་མ་བསྐངས་ན་འོས་ཤོག་རྩིས་མེད་རེད་ཟེར།
ས་གནས་མང་པོ་ཞིག་ནས་མི་མང་གིས་འོས་འཕེན་སྐབས། འགའ་རེས་འགེངས་ཤོག་གི་རེའུ་མིག་གཉིས་ཙམ་ལས་བསྐངས་མེད་པ་དང་། འགའ་རེས་གསུམ་ཙམ་བསྐངས་པ་སོགས་རེའུ་མིག་ཆ་ཚང་མ་བསྐངས་བའི་འོས་ཤོག་མང་པོ་ཐོན་བཞིན་ཡོད་པས། ས་གནས་ནས་དབུས་ལ་འབྲེལ་བ་བྱེད་སྐབས་བརྩི་མེད་གཏོང་དགོས་པའི་བཀའ་ཕེབས་ཡོད་པ་རེད།
དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང། བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་གི་སྐོར་གསལ་བའི་ནང་། གཤམ་གསལ་རེའུ་མིག་ཆ་ཚང་ངེས་པར་བསྐངས་དགོས་ཞེས་འཁོད་ཡོད་པས། ང་ཚོས་འོས་བསྡུའི་སྒྲིག་གཞི་འདི་ཚད་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང།
ཡིན་ནའང་སྒྲིག་གཞིའི་ནང་འོས་ཤོག་རྩིས་མེད་འགྲོ་བའི་ཆ་རྐྱེན་གྱི་ཁོངས་སུ། རེའུ་མིག་ཆ་ཚང་མ་བསྐངས་ན་བརྩི་མེད་ཡིན་ཞེས་འཁོད་མི་འདུག་ཞུས་པས། ཁོང་གིས། གང་ལྟར་ཡང་ང་ཚོ་འོས་བསྡུའི་ལས་ཀ་བྱེད་མཁན་ཚང་མ་ཆ་བགོས་ཀྱིས། ས་གནས་གང་སར་འགེངས་ཤོག་ཆ་ཚང་སྐོང་དགོས་པའི་ཁྱབ་བསྒྲགས་བྱས་པ་དང། རེའུ་མིག་ཆ་ཚང་ངེས་པར་དུ་སྐོང་དགོས་གསུངས་པ་ཚད་འཛིན་བྱེད་ཀྱི་ཡོད་པས། ཆ་ཚང་མ་བསྐངས་པའི་རིགས་ཚང་མ་བརྩི་མེད་འགྲོ་ཡི་རེད་ཅེས་གསུངས་བྱུང།།
{jcomments on}