རྒྱལ་བའི་བཀའ་དང་འགལ་ཡང་རྒྱལ་བའི་ཐུགས་དང་འགལ་མེད།
ཟླ་འདིའི་ཚེས་༧ ཉིན་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཐང་སྟེང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་་བྱ་༤༡ འཁོར་བའི་དུས་ཆེན་སྲུང་བརྩི་བྱས་ནས་བོད་པའི་རུ་ཁག་དང་རྒྱ་གར་གྱི་རུ་ཁག་དབར་ལ་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱས་སོང་།
མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་གཞོན་ལྷན་ཚོགས་གཙོ་ཟུར་པ་དང་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། བོད་གཞུང་ཟློས་གར་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཆེད་ཕེབས་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་དགོས་པའི་དམིགས་ཡུལ་སྐོར་དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསོད་ནམས་རྡོ་རྗེས་ངོ་སྤྲོད་བྱས་དོན། ཐོག་མར་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེ་རུ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་དགོས་པའི་ཐུགས་འདུན་བཅངས་པ་བཞིན། བཙན་བྱོལ་དུ་འབྱོར་ནས་མི་ལོ་བཅུ་ཙམ་གྱི་རྗེས་སུ་ན་གཞོན་ཁག་ཅིག་སློབ་སྦྱོང་ཐོན་ནས་བོད་ཀྱི་རྩ་དོན་ལ་འགན་ཁུར་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ལྷན་ཚོགས་ཤིག་ཡིན་ཞེས་ང་ཚོས་ནམ་རྒྱུན་བཤད་ཀྱི་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་དེ་ཆབ་སྲིད་ཀྱི་ཚོགས་པ་ཞིག་མ་རེད། འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལ་བལྟས་པ་ཡིན་ན། རྩ་དོན་ལ་འགན་ཁུར་མཁན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་སོང་།
དེ་རྗེས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གཞོན་ལྷན་གྱི་གསུང་བཤད་སྒྲོག་སྦྱངས་བྱས་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་ངོ་བཞི་བཅུའི་དུས་ཡུན་རིང་། གཙོ་བོ་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་། ཚོགས་མི་དང་དབུ་ཁྲིད་རྒན་པ་ཚོས་ལྷག་བསམ་རྣམ་དག་གི་བྱ་སྤྱོད་དངོས་ལ་བརྟེན་ནས་གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་བཞི་འགྱུར་བ་མེད་པར་རྩ་འཛིན་ངང་། བོད་རང་བཙན་སླར་གསོའི་འཐབ་རྩོད་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ། དམངས་གཙོ་དར་སྤེལ། རིག་གཞུང་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་སྲུང་སྐྱོབ་གོང་སྤེལ་སོགས་རིགས་མཐུན་གྱི་ལས་འགན་འབད་སྒྲུབ་ལྷོད་མེད་ཞུ་ཐུབ་བཞིན་ཡོད་པ་མ་ཟད། ཕྱི་ནང་གི་དཀའ་ཁག་ཅི་ཞིག་འཕྲད་ཀྱང་སྒྲིག་འཛུགས་ཀྱི་ངོ་བོ་དང་དམིགས་ཡུལ་རྩ་མེད་བཟོ་མི་ཐུབ་པའི་དངོས་ར་ལན་མང་འཕྲོད་ཟིན་པར་བརྟེན། གཞིས་བྱེས་བོད་མིས་རེ་བ་ཡིད་ཆེས་བཅོལ་ཡུལ་དང་། དགྲ་བོ་རྒྱ་ནག་གིས་ཆེས་སྡང་ཟུག་བྱ་ཡུལ་གྱི་གནས་བབ་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་ནི། སྒྲིག་འཛུགས་ཀྱི་གཟི་བརྗིད་དང་། འཐབ་རྩོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད་ཅེས་དང་།
མུ་མཐུད་སྒྲོག་སྦྱངས་བྱས་དོན། རྒྱ་ནག་གིས་བོད་རྩ་མེད་བཟོ་བའི་ངན་བྱུས་ལ་འགྱུར་བ་མེད་པ་མ་ཟད། སྔར་ལས་ཀྱང་བོད་རྩ་མེད་བཟོ་བའི་ངན་ཇུས་གདུག་རྩུབ་ཆེ་རུ་བཏང་སྟེ། བོད་ནང་གི་བླ་སྤྲུལ་དང་། རྩོམ་པ་པོ། སྒྱུར་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་དང། ཚོང་ལས་གཉེར་མཁན་སོགས། ཁྲིམས་མཐུན་གྱི་ལམ་ལུགས་འོག་རང་འཚོ་རང་ལས་གཉེར་བཞིན་པའི་བོད་རིགས་ཤེས་འཇོནཅན་རྣམས་ལ་མ་ཉེས་ཁ་གཡོགས་སྣ་ཚོགས་ཀྱིས་འཛིན་བཟུང་དང་འབུར་འཇོམས་གཏོང་བཞིན་པ་ནི། རྒྱ་ནག་གི་རྩུབ་སྤྱོད་དང་། རྒྱལ་སྤྱིའི་ངོ་ཚ་ཞིག་ཆགས་ཡོད་པས་དོན་དངོས་བོད་མི་རིགས་ཀྱི་བདེ་སྐྱིད་དང་། ཡར་རྒྱས། རང་དབང་བཅས་ལ་དགའ་མོས་དང་སྲུང་སྐྱོབ་བྱ་འདོད་ཡོད་ན། དོན་དེར་རྒྱ་ནག་དང་རྒྱལ་སྤྱིའི་ངེས་པར་འགྱུར་བ་དང་བདག་སྤྲོད་བྱ་དགོས་ཞེས་ཚོར་ཤུགས་ཆེན་པོས་ཞུ་ཡི་ཡོད་ཅེས་སོགས་སྒྲོག་སྦྱངས་བྱས་ཡོད་པ་རེད།
དེ་རྗེས་གཞོན་ནུའི་ཚོགས་གཙོ་ཟུར་པ་དང་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གིས་གསུང་དོན། སྤྱིར་བཏང་རྩ་དོན་ཟེར་བ་ག་འདྲ་ཡིན་མིན་མང་པོ་བཤད་ཀྱི་ཡོད་རེད། ཆོས་དང་རིག་གཞུང་རྩ་དོན་རེད་ཟེར་མཁན་དང་། བོད་མི་རྣམས་བོད་དུ་ལོག་རྒྱུ་རྩ་དོན་རེད་ཟེར་མཁན་སོགས་མང་པོ་ཡོད་རེད། འོན་ཀྱང་ངས་བལྟས་ན་རང་ཡུལ་བོད་དེ་ང་ཚོ་བོད་མི་རྣམས་ལ་བདག་དགོས་ཀྱི་འདུག རྩ་དོན་དེ་ལས་འགལ་བའི་རྩ་དོན་དེ་ང་ལྟ་བུ་ཞིག་གིས་མཐོང་ཐུབ་ཀྱི་མི་འདུག བོད་ཀྱི་རིག་གཞུང་རྩ་དོན་རེད་ཅེས་ལབ་པ་ཡིན་ན། རིག་གཞུང་ལ་ཆ་ཤས་མང་པོ་ཡོད་རེད། རིག་གཞུང་གནས་མི་གནས་ཀྱི་རྩ་བ་ཐུག་ས་དེ་སྐད་ཡིག་རེད། ཕྲེང་རྡོག་རྣམས་མཉམ་དུ་བསྡུ་ཐུབ་མཁན་དེ་སྐུད་པ་རེད། སྐུད་པ་མེད་པ་ཡིན་ན་ཕྲེང་རྡོག་སྟོང་ཕྲག་ཡོད་ཀྱང་ཕན་ཐོགས་ཡོད་མ་རེད། སྐད་ཡིག་དེ་་བརླགས་པ་ཡིན་ན་རིག་གཞུང་གི་སྲོག་རྩ་བརླག་འགྲོ་ཡི་རེད། དེར་བརྟེན་རིག་གཞུང་བརླག་འགྲོ་ཡི་རེད་ཅེས་དང་།
དེ་བཞིན་རང་ཡུལ་རང་ལ་བདག་དགོས་པ་དང་། བོད་དེ་བོད་ལ་བདག་དགོས་པ་དེ་འདྲ་ཆབ་སྲིད་ཀྱི་ངོས་ནས་བསམ་བློ་བཏང་བ་ཡིན་ན། རང་བཙན་དེ་རྒྱལ་ཁབ་ཀྱི་སྲོག་རྩ་རེད། རང་བཙན་མེད་པའི་རྒྱལ་ཁབ་དེ་རྒྱལ་ཁབ་ཤི་ཚར་བ་ཞིག་རེད། དེའི་ཐོག་ནས་གཞོན་ནུ་ལྷན་ཚོགས་ཀྱི་རྩ་དོན་འགྱུར་བ་མེད་པ་དང་། ངའི་རྩ་དོན་ཐུག་ས་དེ་ཕྱོགས་ག་ནས་བལྟས་ཀྱང་བོད་རང་བཙན་ལ་ཐུག་གི་འདུག བོད་རང་བཙན་ཞེས་བཤད་པའི་སྐབས་སུ་ཁ་ཤས་ཀྱིས་དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད་ཅེས་བཤད་ཀྱི་རེད། ངའི་ངོས་ནས་བལྟ་དུས་༧རྒྱལ་བ་རིན་པོ་ཆེས་ལམ་དབུ་མ་དེ་ཐུགས་དགྱེས་པའི་ངང་ནས་བཀའ་གནང་བ་རེད་བསམ་གྱི་མི་འདུག སྐུ་ངལ་ཆེན་པོ་ཞིག་འཕྲད་པ་རེད། དེའི་ངོས་ནས་བལྟ་ཡོང་དུས་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་དགོངས་པ་དང་མ་མཐུན་པའི་ཐོག་ནས་རང་བཙན་གྱི་དམིགས་ཡུལ་དེ་མུ་མཐུད་ནས་བཟུང་དགོས་ཀྱི་འདུག་ཅེས་བཤད་པ་དེ་རྒྱལ་བའི་བཀའ་དང་འགལ་ཡོད་ཀྱི་རེད་དེ་རྒྱལ་བའི་ཐུགས་དང་འགལ་མེད་ཅེས་སོགས་གསུངས་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ལྷ་བཟང་ཚེ་རིང་ལགས་ཀྱིས་བོད་མི་འགའ་ཞིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ལེན་གནང་བའི་ཚོགས་མིའི་ལག་ཁྱེར་གནང་བ་དང་། དེ་ནས་བོད་པའི་རུ་ཁག་དང་ཀང་ར་རྫོང་ནས་ཡོང་བའི་རྒྱ་གར་གྱི་རུ་ཁག་གཉིས་དབར་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱས་ནས་མཛད་རིམ་རྣམས་ལེགས་འགྲུབ་བྱུང་ཡོད་པ་རེད།།
{jcomments on}