དགེ་རྒན་བརྗེ་པོ་ཐེབས་པ་དེ་དཀའ་ངལ་ཆེ་ཤོས་རེད།
ཟླ་འདིའི་ཚེས་༨ ཉིན་ཉིན་གཅིག་སྔ་སྣུར་གྱིས་མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་མཛད་སྒོ་སྟབས་བདེ་ཞིག་དཔེ་སྟོན་སློབ་གྲྭ་རང་ལ་འཚོགས་ཡོད་པ་རེད། མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སུ་ཡང་གདན་འདྲེན་གནང་མེད་པར། སློབ་གྲྭའི་དགེ་སློབ་རྣམ་པ་ཁོ་ནས་དུས་ཆེན་སྟབས་ཞིག་སྲུང་བརྩི་གནང་སོང་། དང་ཐོག་སློབ་པྲུག་རྒན་པ་རྣམས་ཀྱིས་རུ་བསྟར་བསྒྲིགས་ནས་འཛིན་གྲྭའི་བང་རིམ་བཞིན་ཐང་སྟེང་དུ་འཁོད་པ་དང། སློབ་མ་རྣམས་ཀྱིས་བརྩམས་པའི་མཉམ་གཞས་ཤིག་འབུལ་ལམ་ཞུས་རྗེས་གསོལ་ཇ་བཞེས་ཏོག་དང་། སློབ་ཕྲུག་རྣམས་ལ་བྱི་རིལ་སོགས་བརྔན་པ་བགོ་འགྲེམས་གནང་སོང་།
ད་ལྟ་བར་ལོ་ལྔའི་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་སྐྱོང་གི་བརྒྱུད་རིམ་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་ཞེས་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། ང་སློབ་གྲྭ་འདིར་སླེབས་ནས་ལོ་གསུམ་ཙམ་འགྲོ་ཡི་འདུག དེའི་རིང་ལ་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་མང་པོ་བརྗེ་པོ་རྒྱག་པ་དེ་རེད་འདུག དགེ་རྒན་མང་པོ་འགྱུར་བ་ཐེབས་དུས་སློབ་ཕྲུག་མང་པོ་ཞིག་ལ་གྱོང་རག་གི་འདུག དཔེར་ན། དགེ་རྒན་གྱིས་སློབ་ཁྲིད་དཀྱིལ་ཙམ་ནས་གཡུགས་ནས་འགྲོ་བའི་སྐབས་སུ་དགེ་རྒན་གསར་པ་མི་རག་པའི་དཀའ་ངལ་ཞིག་འདུག དགེ་རྒན་རག་པ་ཙམ་གྱིས་འགྲིག་གི་མི་འདུག སྔོན་མའི་དགེ་རྒན་དེའི་སློབ་ཁྲིད་བྱེད་སྟངས་དང་། རྗེས་མའི་དགེ་རྒན་གཉིས་བར་གྱི་སློབ་ཁྲིད་བྱེད་སྟངས་མ་འདྲ་བ་ཆགས་ཀྱི་འདུག དགེ་རྒན་རེ་རེ་ལ་རྣམ་དཔྱོད་མ་འདྲ་བ་དང་ཐབས་ལམ་མ་འདྲ་བ་རེ་ཡོད་དུས། དེའི་བར་ལ་སློབ་པྲུག་རྣམས་ལ་གྱོང་ཆེན་པོ་རག་གི་འདུག ང་རང་ལ་དཀའ་ངལ་ཡོད་པའི་ཚོར་སྣང་ཆེ་ཤོས་དེ་རེད་འདུག་ཅེས་གསུངས་བྱུང་།
དཔེ་སྟོན་སློབ་གྲྭར་ད་ལྟ་འཛིན་གྲྭ་མཐོ་ཤོས་བདུན་པ་ལ་སླེབས་ཀྱི་ཡོད་རེད། མ་འོངས་པར་འཛིན་གྲྭ་བཅུ་པ་དང་། དེ་བཞིན་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ག་པར་གཏོང་རྩིས་ཡོད་རེད་དྲིས་པར་ཁོང་གིས། འཛིན་གྲྭ་བཅུ་པ་བར་དུ་ང་ཚོའི་སློབ་གྲྭ་འདིའི་ནང་ལ་འཛུགས་ཐུབ་པའི་རེ་བ་རྒྱག་གི་ཡོད། སྔོན་འགྲོ་དང་པོ་ནས་འཛིན་གྲྭ་ལྔ་པ་བར་གངས་སྐྱིད་ལ་ཡར་སྤོ་རྒྱུ་དང་། འཛིན་གྲྭ་དྲུག་པ་ཡན་རྣམས་སློབ་གྲྭ་འདི་རང་ལ་འགྲོ་ཐུབ་པའི་འཆར་གཞི་ཡོད། ཚང་མ་འདིར་ཡོང་རྒྱུ་ཡོད་མ་རེད། ས་ཆ་ཆུང་དྲགས་པའི་དཀའ་ངལ་ཡོད་རེད། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་འདིར་འཛུགས་ཐུབ་ཀྱི་མ་རེད། ས་ཆའི་ཆ་ནས་རེད། དེ་བཞིན་གཞན་དབང་སྟབས་བསྟུན་བྱེད་དགོས་དུས། ཡིག་ཚད་དེ་ཚོ་རྒྱ་གར་གཞུང་ལ་བསྟུན་དགོས་པ་རེད། དེ་བཞིན་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་འཛུགས་པ་ལ་ས་ཆའི་རྒྱ་ཁྱོན་གྱི་ཚད་གཞི་ཟིན་དགོས་ཀྱི་ཡོད་རེད། ཡིན་ན་ཡང་འཛིན་གྲྭ་བཅུ་པ་བར་དུ་འདིར་འཛུགས་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་དང་།
འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་ག་པར་གཏོང་གི་རེད་ཅེས་དྲིས་པར་ཁོང་གིས། ཕྱི་ལོགས་སུ་གཏོང་སྲིད་པ་རེད། སམ་བྷོ་ཊའི་ཁྱབ་ཁོངས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་རེད། སྲིད་བྱུས་གཅིག་པ་ཆགས་ཀྱི་ཡོད་རེད། སམ་བྷོ་ཊའི་སློབ་གྲྭའི་ཁྱབ་ཁོངས་སུ་གཏོང་གི་ཡོད་དམ་ཡང་ན་ལོགས་སུ་འཛུགས་ཀྱི་ཡོད་གང་ལྟར་གཅིག་གནང་གི་རེད་ཅེས་གསུངས་བྱུང་།
སྤྱིར་སྤྱི་ཚོགས་ནང་དུ་ཡིན་ན་འདྲ། སློབ་ཕྲུག་གི་ཁྱིམ་བདག་ཚོའི་ངོས་ནས་ཡིན་ན་འདྲ། དགེ་རྒན་དང་སློབ་སྤྱི་ལ་ཡར་ཞུ་དང་། ལབ་གླེང་ག་འདྲ་ཡོང་གི་འདུག་ཅེས་དྲིས་པར་ཁོང་གིས། ངོ་གདོང་རང་གི་མདུན་དུ་ཚང་མས་ཁྱེད་ཚོ་ཡག་པོ་ཞེ་དྲག་འདུག ད་ལྟ་གནང་བ་ནང་བཞིན་མུ་མཐུད་གནང་དགོས་པ་རེད། བསོད་བདེ་ཆེན་པོ་རེད། ཁྱེད་ཚོའི་སློབ་གྲྭ་དེ་ཕྱི་ལོགས་སུ་སྐད་གྲགས་འདུག་ཅེས་ལབ་མཁན་འདུག དེ་དག་གཙོ་བོ་ཕྱི་ལོ་༢༠༠༥ ལོར་དཔེ་སྟོན་སློབ་གྲྭ་བཙུགས་ནས་ད་བར་གཙོ་བོ་ཤེས་རིག་ལས་ཁུངས་དང་། དགེ་ལས་རྣམ་པ། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་འབད་བརྩོན་གནང་ནས་སྤྱི་ཚོགས་ནང་དུ་ད་ལྟའི་གྲུབ་འབྲས་དེ་གླེང་སློང་བྱུང་བ་ཞིག་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་དཔེ་སྟོན་སློབ་གྲྭ་བཙུགས་པའི་ཉིན་མོ་དེ་ཚེས་༩ ཉིན་རུང་ཚེས་༩ ཉིན་གཟའ་སྤེན་པ་གཉིས་པ་ཁེལ་སྟབས་ཉིན་གཅིག་སྔ་སྣུར་གྱིས་སྲུང་བརྩི་གནང་བ་ཞིག་ཡིན་འདུག ནམ་རྒྱུན་སློབ་གྲྭའི་བྱེད་སྒོ་དང་། ཟློས་གར་འཁྲབ་སྟོན་སོགས་ཀྱི་སྐབས་སུ་སློབ་ཕྲུག་ཚང་མར་གོ་སྐབས་སྤྲོད་ཀྱི་ཡོད་པ་དང་། འཛིན་གྲྭའི་གོ་རིམ་བཞིན་གྲ་སྒྲིག་བྱེད་ཀྱི་ཡོད་པ་ལས། ད་ལྟ་བར་ཁང་ཚན་གྱི་དབྱེ་བ་སོགས་མེད་པ་རེད།།
{jcomments on}