མོན་གྷོ་རུ་གཞོན་ནུ་དབུ་བརྙེས་པའི་དུས་དྲན་སྲུང་རྩི།

youth7_10དེ་ཡང་ཐོག་མར་རྟེན་འབྲེལ་འབྲས་སིལ་དང་གསོལ་ཇ་འབུལ་བཞེས་གྲུབ་རྗེས། ས་གནས་གཞོན་ལྷན་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ཀྱིས་དབུས་གཞོན་ནུའི་གསུང་འཕྲིན་སྒྲོགས་སྦྱང་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་མཆོག་ནས་གཞོན་ནུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། གཉན་འཕྲང་གི་དུས་ཚོད་འདིའི་ནང་ང་ཚོ་གཉིས་ཕན་དབུ་མའི་ལམ་ལ་ཕེབས་ཀྱི་ཡོད་པ་རེད། དེ་ནི་བོད་ཀྱི་གནས་བབས་དང་བསྟུན་ནས་གནས་སྐབས་འགྲོ་གི་ཡོད་པ་རེད་མ་གཏོགས། ང་རང་ཚོ་མི་མང་པོའི་དབུ་མའི་ལམ་ལ་འགྲོ་དགོས་དུས་སོ་སོའི་སྙིང་ལ་རྡོ་བཞག་ནས་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་འགྲོ་གི་ཡོད་པའི་གནས་སྟངས་གསལ་པོ་རེད་དྲན་གྱི་ཡོད། སྤྱིར་བཏང་ང་ཚོ་སྡིངས་ཆ་གང་དུ་ཡིན་རུང་དབུ་མའི་ལམ་ལ་ཤིན་ཏུ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་མཁན་ཚོས་བཀའ་མོལ་གནང་ཡོང་དུས་དབུ་མའི་སྲིད་བྱུས་གསུང་གི་འདུག་སྟེ། སེམས་གཏིང་ནས་བཀའ་མོལ་གནང་སྟངས་ལ་བལྟས་དུས་རང་བཙན་གྱི་སྣང་བ་དང་མངོན་འདོད་གསལ་པོ་ཡོད་པ་བཤད་མ་དགོས་པ་རེད། ད་ལྟ་ང་ཚོ་དུས་ཀྱི་འགྱུར་བ་ལ་བརྟེན་ནས་འདི་འདྲའི་འགྱུར་བ་གཏོང་དགོས་པ་རང་བཞིན་གྱི་ཆགས་ཡོད་པ་རེད། གཞན་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ཞུགས་མཁན་མང་པོ་སྡིངས་ཆ་འདི་བརྒྱུད་ནས་བཀའ་སྤྱི་གཉིས་ཀྱི་ནང་ལ་ཕེབས་མཁན་མང་པོ་ཡོད་པ་རེད། དེ་ཚོ་ཚང་མ་ཅིག་བྱས་ན་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས་ཡིན་པར་ངོས་འཛིན་བྱེད་དགོས་པ་རེད། ཡིན་ན་ཡང་ཕྱོགས་གཞན་པ་ཞིག་ནས་བལྟས་ན་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི་ཞིག་ཡིན་ཕྱིན་ཚོགས་པའི་ལངས་ཕྱོགས་དང་ལྟ་གྲུབ་ལ་འགྱུར་བ་མེད་པ་བརྟན་པོ་རང་ཚུགས་ལྡན་པ་ཞིག་འཛིན་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྲིད་དོན་གྱི་ཚོགས་པ་ཞིག་མ་ཡིན་པར། ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་ཞེས་གསུང་གི་ཡོད་པ་བཞིན། གཞོན་ནུ་དབུས་ས་གཉིས་ནས་སྐད་འབོད་ཙམ་མ་ཡིན་པར་འཆར་གཞི་ལྡན་པའི་ཐོག་རྩ་དོན་རྩོད་པའི་རིམ་པ་ངེས་པར་རྩ་འཛིན་ལག་བསྟར་བྱེད་དགོས་པ་རེད་ཅེས་གསུངས་སོང་།

དེ་བཞིན་དབུས་བཞོན་ནུའི་སྤྱི་ཁྱབ་བཀོད་འདོམས་འོག་ཉིན་འདིར་ས་གནས་གཞོན་ལྷན་གྱིས་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་བུ་ཕྲུག་བཅུ་གཅིག་ཡོད་པའི་ཨ་མ་གསུམ་དང་བུ་ཕྲུག་བཅུ་ཡོད་པའི་ཨ་མ་དགུ། གཞན་ཡང་བུ་ཕྲུག་དགུ་ཡོད་པའི་ཨ་མ་ལྔ་གཅས་ཁྱོན་སྐྱེད་མ་བཅུ་བདུན་ལ་བོད་མི་རིགས་འཕེལ་རྒྱས་སུ་བཏང་ཡོད་པའི་བསྔགས་བརྗོད་དང་སྦྲགས་ཁ་དར་སྒྲོན་འབུལ་དང་སྐྱེད་མའི་གཟེངས་རྟགས་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད།

མོན་གྷོ་གསར་འགོད་པས།