བཀའ་ཤག་གི་འཚམས་འདྲི།

འདི་ལོའི་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལིའུ་ཞའོ་པོ་ལ་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁོང་གིས་རང་དབང་གོང་འཕེལ་དང། རྒྱ་ནག་ནང་མི་སྒེར་གྱི་རང་དབང་ཆེད་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བ་དེ་དག་ལ་ངོས་འཛིན་ཐོབ་པ་ཞིག་ཡིན།

ཁོང་གིསརྒྱ་ནག་ནང་རང་དབང་དང་མང་གཙོ་ཡོང་ཆེད་ཕྱི་ལོ་ ༢༠༠༨ རྩ་འཛིན་ཡིག་ཆ་ཞེས་པ་བཏོན་པ་དེ་ནི་འགྲན་ཟླ་མེད་པའི་བློས་གཏོང་ཞིག་ཀྱང་ཡིན་ལ། ཁོང་གིས་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད།

ང་ཚོ་བོད་མི་ཚོས་སྐུ་ཞབས་ལིའུ་ཞའོ་པོ་ལ་འོས་ཞིང་འཚམས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཁོང་རང་ཉིད་ནས་དངོས་སུ་བཞེས་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༨ ཉིན།།