བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པ་ལོ་རེ་ལྔ་འཁོར་བའི་དུས་སྟོན།
དེ་ཡང་ཟླ་འདིའི་ཚེས་༡༠ བྷི་བྷི་སིའི་གསར་འགོད་པས་བྱང་ཀོ་རི་ཡའི་རྒྱལ་ས་པཱིན་ཡན་ནས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡ་དང་རྒྱ་ནག ཨི་རན་བཅས་ཀྱིས་རྡུལ་ཕྲིན་མཚོན་ཆ་གསར་བཟོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲིན་མཚོན་ཆ་ཚོད་འཛིན་གྱི་གྲོས་ཆོད་ལས་ཡོངས་སུ་བརྒལ་ཡོད་པས། དེང་སྐབས་རྒྱལ་ཁབ་འདི་གསུམ་ནི་དམག་གཞུང་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་འདྲེས་མ་ལྟ་བུ་ཞིག་ཆགས་ཡོད་པ་དང། བྱང་ཀོ་རི་ཡའི་དབང་འཛིན་ལས་ཐོག་པ་ཀིམ་ཇོན་ཡན་གྱི་གཟུགས་གཞི་ཧ་ཅང་སྐྱོ་པོ་ཡིན་པས། ཁོང་གི་བུ་གསུམ་པ་ཀིམ་ཇན་ཨིལ་ཁོང་གི་རྗེས་འཛིན་པར་བསྐོ་བཞག་གི་སྟ་གོན་ཚབ་ཏུ། ངལ་རྩོལ་རུ་ཁག་གི་དུས་སྟོན་ཐོག་ཕ་བུ་གཉིས་མཉམ་སྡོད་ཀྱིས། དམག་དཔུང་གི་རུ་བསྟར་ལ་རྟོག་ཞིབ་བྱས་ཡོད་པ་རེད།
ད་ལྟའི་བྱང་ཀོ་རི་ཡའི་ཆེས་མཐོའི་དབང་འཛིན་པ་ཀིམ་ཇོན་ཡན་གྱི་ཕ་ཀིམ་སན་ཞེས་པ། ད་ལྟའི་བྱང་ཀོ་རི་ཡ་དམར་དབུ་བརྙེས་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང། བྱང་ཀོ་རི་ཡའི་མི་མང་གིས་ཁོང་ཕ་བུ་གཉིས་དང། ཆེས་མཐོའི་དབང་འཛིན་པ་ཆགས་ལ་ཉེ་བའི་ཀིམ་ཇན་ཨིལ་གསུམ་ནི་རྒྱལ་ཁབ་བདག་སྐྱོང་དང། དམར་པོའི་ལྟ་བ་འཛམ་གླིང་ནང་ཁྱབ་སྤེལ་བྱེད་མཁན་ཞིག་ལ་ངོས་འཛིན་བྱས་ཏེ། དམག་དཔུང་རུ་སྒྲིག་གི་རྔམ་སྟོན་སྐབས་མི་མང་གིས་དགའ་བའི་ངུ་འབོད་དང་། བསྟོད་དབྱངས་ཀྱིས་གསར་འགོད་པ་རྣམས་ཧང་སང་དུ་བཅུག་ཡོད་པ་རེད།
གསར་འགྱུར་དབྱེ་ཞིབ་པ་ཚོས། རྒྱུན་ལྡན་ནས་བྱང་ཀོ་རི་ཡའི་ནང་གསར་འགོད་པ་རྣམས་འགྲོ་ཐུབ་ཀྱི་མེད་པ་དང། ཉེ་དུས་ཨ་རིའི་གསར་འགོད་པ་བུད་མེད་གཉིས་འཛིན་བཟུང་གིས་ཟླ་གྲངས་འགའི་རིང་བཙོན་འཇུག་བྱས་ཡོད་ཅིང། དེང་སྐབས་ནུབ་ཕྱོགས་པའི་གསར་འགོད་པ་ཚོ་གསང་ཉུལ་བ་རེད་ཟེར་ནས་དམ་དྲག་བྱེད་བཞིན་པའི་སྐབས། གློ་བུར་དུ་གསར་འགོད་པ་སུ་འདྲ་ཞིག་ཡིན་རུང་བྱང་ཀོ་རི་ཡའི་དུས་སྟོན་ལ་ཕེབས་པར་དགག་བྱ་མེད་ཅེས་ཁྱབ་བསྒྲགས་བྱས་པ་དེར། གསར་འགོད་པ་ཚོས་བགྲོ་གླེང་སྣ་ཚོགས་བྱས་ཡོད་པ་དང། མང་པོ་ཞིག་གིས། བྱང་ཀོ་རི་ཡ་གཞུང་གིས་གསར་འགོད་པ་ཚོ་བརྒྱུད་ནས། འཛམ་གླིང་ནང་བྱང་ཀོ་རི་ཡའི་དམག་དཔུང་གི་སྟོབས་ཤུགས་དང་། ད་ལྟའི་བྱང་ཀོ་རི་ཡའི་དམག་སྤྱི་ཀོ་རི་ཡའི་དབང་འཛིན་པའི་བུ་གསུམ་པ་ཀིམ་ཇན་ཨིལ། བྱང་ཀོ་རི་ཡ་གཞུང་གི་ཆེས་མཐོའི་དབང་འཛིན་པ་ཆགས་ལ་ཉེ་བ་ཡིན་པ་ཁྱབ་བསྒྲགས་ཀྱི་ཆེད་དུ་རེད་ཅེས། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།
{jcomments on}