རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་བྱེད་མི་ཆོག

བོད་ལྗོངས་ཆ་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༩ པའི་ཚེས༣༠ ཉིན་རྒྱ་ནག་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱི་འགན་འཛིན་ཝང་ཙུའུ་ཨན་གྱིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་ཡིག་ཨང་༨ པ་ཞེས་པར་མིང་རྟགས་བཀོད་དེ། 《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས》 ཞེས་པ་ཁྱབ་བསྒྲགས་བྱས་ཤིང་ཟླ་༡༡ པའི་ཚེས་༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས》ཞེས་པའི་ནང་དུ་དགོན་པའི་ལས་དོན་ལ་ཕྱི་རོལ་གྱི་རྩ་འཛུགས་གང་རུང་དང་མི་སྒེར་གྱིས་ཐེ་གཏོགས་དང་བཀོད་སྒྲིག་གམ་བཀོལ་སྤྱོད་བྱེད་མི་ཆོག་ཅེས་པ་དང་། ད་དུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བྱེད་མི་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་བྱེད་མི་ཆོག་པ་དང་། དེ་མིན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་ཅིང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་བྱ་འགུལ་སོགས་སྤེལ་མི་ཆོག་པའི་གཏན་འབེབས་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་ལས་བྱེད་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཐོབ་ཡོད་ཚུལ་ཡང་འཁོད་འདུག

རྒྱ་ནག་གི་ཆོས་ལུགས་ལས་དོན་ཁང་གིས་བརྗོད་པ་ལྟར་ན། དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་སྤྱིའི་གནས་ཚུལ་ཡག་ན་ཡང་། དགོན་པ་ཁག་ཅིག་གི་དོ་དམ་སྒྲིག་འཛུགས་དང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་མིན་པ་དང་། དོ་དམ་ཚུལ་ལྡན་མིན་པ། དགོན་པ་འགའ་ཞིག་གིས་དད་ལྡན་མང་ཚོགས་ཀྱི་ཁུར་པོར་མི་བསམ་པར། གང་འདོད་ཀྱིས་རྒྱ་བསྐྱེད་པ། དགོན་པའི་དགེ་རྒན་དང་ལས་བྱེད་པ་ཉུང་ཤས་ལ་མཚོན་ན་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་ཧ་ཅང་ཞན་པས། ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་གཉེར་བའི་ལས་ལ་གཞོལ་བཞིན་ཡོད་པ་རེད་ཅེས་དང་།

གནད་དོན་དེ་དག་གི་དབང་གིས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་སྲོལ་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཞིག་ཐེབས་ནས། དགོན་པའི་ཆོས་ལུགས་ཆོ་ག་སྤེལ་བར་བར་ཆད་དང་། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བྱེད་སྒོ་ལ་གེགས་རྐྱེན་བཟོས་པ་མ་ཟད། ཐ་ན་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་དུ་ཟིང་ཆ་སློང་བ་དང་ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་གླགས་འཚོལ་བར་གོ་སྐབས་བཟང་པོ་བསྐྲུན་འདོད་ཡོད་པ་རེད། ཚུལ་དེར་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་པ་རྣམས་ལ་སུན་སྣང་ཆེན་པོ་སྐྱེས་ཏེ། ཚང་མས་སྲིད་གཞུང་གིས་དོ་དམ་ཚད་ལྡན་ཅན་དུ་གཏོང་བར་ཤུགས་བསྣན་ནས་ཡུན་རིང་པོར་གོ་ཆོད་པའི་ལམ་ལུགས་ཤིག་འཛུགས་དགོས་པའི་རེ་བ་བཏོན་ཡོད་པ་རེད་ཅེས་བཀོད་འདུག །

{jcomments on}