ལིའུ་ཞའོ་པོ་དང་ནང་མིའི་དཀའ་ངལ།

liu-xia-twitter1ཟླ་འདིའི་ཚེས་༡༡ ཉིན་བྷི་བྷི་སིའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༡༩༨༩ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་རྒོལ་ཆེན་མོ་བྱས་པའི་སྐབས། སྐུ་ཞབས་ལིའུ་ཞའོ་པོ་ཞི་རྒོལ་དེའི་ཁྲོད་དུ་འགན་འཁུར་བ་གཙོ་བོ་རེད་ཟེར་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་གི་བཟའ་ཟླ་ལིའུ་ཞཱ་ཡང་རང་ཁྱིམ་དུ་བཀག་ཉར་བྱེད་མྱོང་ཡོད་པ་དང།  དེ་བཞིན་ཕྱི་ལོ་༢༠༠༩ ལོར་སྐུ་ཞབས་ལིའུ་ཞའོ་པོ་ལ་ལོ་༡༡ གི་ཁྲིམས་ཐག་བཅད་ནས། བཟའ་ཟླ་ལིའུ་ཞཱ་དུས་ཚོད་རྒྱས་བཅད་ཀྱིས་བཙོན་ཁང་དུ་ཐུག་འཕྲད་ལ་འགྲོ་ཆོག་ཀྱང། ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་གནང་རྒྱུའི་ཐག་གཅོད་བྱུང་བ་ནས་བཟུང། བཙོན་ཁང་དུ་ཐུག་འཕྲད་དང་། དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ། གསར་འགོད་པ་ཐུག་འཕྲད་སོགས་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད།
གསར་འགོད་པ་ཚོས། ཟླ་འདིའི་ཚེས་༡༠ ནས་ལིའུ་ཞཱ་རང་ཁྱིམ་ནས་ཐོན་བཅུག་མེད་པ་དང། གསར་འགོད་པ་སུ་འདྲ་ཞིག་གིས་མོ་དང་ལྷན་དུ་སྐད་ཆ་ཤོད་ཐབས་བྱས་ཀྱང་ཆོག་མཆན་མེད་ཐོག འབྲེལ་ཡོད་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་འཐུས་མི་ཚོས། སྐུ་ཞབས་ལིའུ་ཞའོ་པོ་ལ་འཚམས་འདྲིའི་ཚབ་ཏུ་བཟའ་ཟླ་ལིའུ་ཞི་སར་ཡོང་ཡོད་རུང་ཐུག་འཕྲད་ཀྱི་ཆོག་མཆན་སྤྲད་མེད་པ་རེད། དེ་དང་འབྲེལ་སྔོན་དུས་གནམ་བདེ་སྒོ་མོ་ཐང་གི་ཞི་རྒོལ་ནང་ཞུགས་མྱོང་མཁན་ཚོར། རྒྱ་ནག་གཞུང་གིས་སླར་ཡང་དམ་དྲག་བྱེད་འགོ་བཙུགས་ཡོད་པ་རེད།
༧གོང་ས་མཆོག་ཟླ་འདིའི་ཚེས་༡༡ ཉིན་ཨ་རིར་ཆིབས་བསྒྱུར་གནང་སྐབས། ཉི་ཧོང་གི་གནམ་ཐང་དུ་གསར་འགོད་པ་ཚོས། སྐུ་ཞབས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་པར་དགོངས་ཚུལ་གང་ཡོད་མེད་ཀྱི་བཀའ་འདྲི་ཞུས་པའི་ལན་དུ། རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་ལ་གུས་བརྩི་བྱེད་ཀྱི་མེད་པ་དང། རྒྱ་ནག་མི་མང་སྐྱོབ་པའི་ལམ་བུ་གཅིག་ཁོ་ན་ཡོད་པ་ནི།  སྤྱི་ཚོགས་སུ་གུས་ཡངས་བྱེད་རྒྱུ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།
དེང་སྐབས་ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གི་མང་གཙོ་ཚོགས་པ་དང། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས། སྐུ་ཞབས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུ་དང། འཚམ་འདྲི་ཞུ་མཁན་མང་པོ་བྱུང་ཡོད་པ་དང། དེ་བཞིན་ལོ་འདིའི་ཟླ་བ་༡༢ ནང་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས། སྐུ་ཞབས་ལིའུ་ཞོ་པོ་དངོས་སུ་འཛུལ་ཞུགས་ཐུབ་ཐབས་སུ་ལས་འགུལ་སྤེལ་མཁན་ཡང་། མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
{jcomments on}