༧ཀརྨ་པ་ལ་གཟིགས་དང་།

ཁོང་ཚོས་རང་ཉིད་ཀྱི་ལྟ་བ་དང་གོ་ས། ཆོལ་ཁ་དང་དཔུང་གཉེན་མ་གཏོགས་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་ཡི་ལྟ་གྲུབ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་མང་གི་རེ་འདོད་སོགས་སྤྱི་དོན་རྣམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ནག་ཉེས་མེད་པར་བཙོན་འཇུག་དང་དྲག་གནོན་སོགས་བྱས་ནས་འགྲོ་བ་མི་ཡི་ལྷན་སྐྱེས་འཚོ་སྡོད་ཀྱི་རང་དབང་ཡང་འཕྲོག་གི་ཡོད།

དཔེར་ན་རྒྱ་ནག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧བང་རི་རིན་པོ་ཆེ་སོགས་བོད་རིགས་རྣམས་བཙོན་འཇུག་བྱས་པ་བཞིན། དོན་དངོས་ཐོག་ཁོང་ཚོས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་ལོག་པར་བཏང་བའི་དབང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞུང་དམངས་ཀྱི་འབྲེལ་ལམ། སྤྱི་ཚོགས་ཀྱི་མཐུན་འབྲེལ་སོགས་ཉམས་ཆགས་ཆེན་པོ་བཏང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཆག་ཡོད། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་དབང་ཀརྨ་པས་རྒྱ་ནག་གི་བརྩི་མཐོང་དང་སྒེར་གྱི་ཁེ་ཕན་སོགས་ལ་མ་ལྟོས་པར་བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཀྱི་ཆེད་དུ་༸གོང་ས་མཆོག་དང་བོད་གཞུང་ལ་བློ་ཕུགས་བཏད་ནས་སྐྱབས་བཅོལ་དུ་ཕེབས་ཡོད། ཁོང་འདིར་སྐྱབས་བཅོལ་དུ་ཕེབས་ནས་ལོ་བཅུ་ཕྲག་སོང་ཟིན་ཡང་ཕྱིའི་རྒྱལ་ཁབ་ཏུ་ཕེབས་མི་ཆོག་པ་མ་ཟད་ཉེ་ཆར་སུ་ཇ་སློབ་གྲྭ་རུ་ཡང་ཕེབས་མ་བཅུག་པར་བཀག་འགོག་བྱས་ཡོད། ད་ཆ་ཁོང་ནི་མངོན་གསལ་མེད་པའི་ནག་མེད་བཙོན་པ་ཞིག་ཡིན་པ་ཕྱི་ནང་ཚང་མས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༧ཀརྨ་པའི་དཀའ་ངལ་ནི་འཛམ་གླིང་འདིར་ནང་པ་ཡོངས་ཀྱི་དཀའ་ངལ་དང་བོད་ཀྱི་མི་རབས་གསར་པའི་དཀའ་ངལ་ཞིག་རེད་ལ། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ལ་བརྗོད་དཀའ་བའི་ཕམ་ཉེས་ཤིག་བཟོས་ཡོད། རྒྱུ་མཚན་ནི་བསྟན་པ་དར་མ་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་མ་རྒྱས་ནང་གི་ཆིག་སྒྲིལ་ལ་རག་ལས་ཡོད། དེ་འདྲ་ཡིན་དུས་༧ཀརྨ་པ་ཕེབས་པ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་མཁན་སུ་ཡིན་མིན་དང་ཁོའི་རེ་དོགས་གང་འདྲ་ཡིན་མིན་བཅས་ལ་ནང་པ་ཡོངས་དང་བོད་རིགས་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། འགའ་ཞིག་གིས་ནག་ཉེས་ཡོངས་རྫོགས་རྒྱ་གར་ལ་གཡོགས་ཀྱང་དམིགས་བསལ་འབྲེལ་བ་དང་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་ཀྱང་རྒྱ་གར་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གི་མེད་པ་ནི་འདས་ཟིན་པའི་ལོ་རྒྱུས་ཐོག་རྒྱ་གར་གྱིས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བཅངས་པའི་ལ་རྒྱ་དང་སྤོབས་པ་སོགས་ཀྱིས་གསལ་པོར་མཚོན་ནུས། ཡང་སྤྱི་ཚོགས་ཁྲོོད་འགའ་ཞིག་གིས་༧ཞྭ་དམར་རིན་པོ་ཆེ་ལ་ཞྭ་མོ་གཡོགས་ཀྱང་ཁོང་གིས་བསྟན་པ་སྤྱི་དང་བོད་བསྟན་སྲིད་ལྷག་པར་དུ་བོད་མི་རིགས་ཀྱི་མཐུན་འབྲེལ་སོགས་ལ་བསམ་བློ་མ་བཏང་བར་ཐབས་སྡུག་གི་བྱ་བ་དེ་འདྲ་བྱེད་ཀྱི་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱིས་ཤེས་གསལ་རེད།

གལ་ཏེ་༧རྒྱལ་དབང་ཀརྨ་པའི་གནས་ཚུལ་འདི་མུ་མཐུད་དུ་ལྷག་པ་ཡིན་ན། རྒྱ་གར་དང་བོད་གཞུང་དམངས་ཀྱི་མཐུན་འབྲེལ། བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ། བོད་གཞུང་དང་མི་དམངས་ཀྱི་འབྲེལ་ལམ་སོགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱོགས་མང་པོ་ཞིག་ནས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཀྱང་ཡོང་ངེས་ཡིན་པ་ནི། ཉེ་ཆར་སྒང་ཏོག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་གི་ལས་འགུལ་ལས་བྱུང་བའི་གནས་ཚུལ་གྱིས་གསལ་པོར་མཚོན་ནུས། དེས་ན་ང་ཚོ་བོད་ཀྱི་ཁ་དཔེ་ལ། ཆུ་མ་ཡོང་གོང་ནས་ཆུ་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ། ཞེས་པའི་དཔེ་ལྟར། བོད་གཞུང་མང་དང་ལྷག་པར་བཙན་བྱོལ་གཞུང་གིས་གནས་ཚུལ་འདི་འགན་བླངས་ཏེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་ནི་འོས་འགན་རེད་ལ་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད།།
རྫོང་སར་གྲྭ་ཤཱཀྱ་དང་དྲི་མེད་ནས།།