༄༅། །དྲན་གདུང་གི་ལོ་ཟླ། །


ཨ་མ་ལགས།

མཐིང་མདོག་གི་རྨི་ལམ་ནང་ནས་ངས་ཁྱེད་ཉིད་མཇལ་བ་ཐེངས་གཅིག་མིན།

དཀའ་སྡུག་གྲངས་མེད་མྱུང་བའི་རྔུལ་ཆུ་དང་ངལ་དུབ་ཁྲོད་ནས།

ཁྱེད་ངོ་མ་རྒས་འདུག

ཨ་མ་ལགས།

ཁ་བའི་འདབ་ལོ་ལྟར་དཀར་བའི་སྐྲ་ལོ་དང༌།

གཅོང་རོང་གི་འོབས་ལྟར་ཆགས་པའི་གཉེར་མ།

དྲུག་དཀར་གཡུ་ལྟར་སྔོ་བའི་མིག་དབང༌།

དེ་ལས་ཉམ་ང་བ་ནི།

ཆེས་རིད་ཅིང་རྐམ་ལ་གཞུ་མོ་བཞིན་འཁྱོག་པའི་ལུས་བོ་སོགས།

ངས་དྲན་ཐེངས་རེ་རེར།

མིག་ཆུའི་བྲང་གཞོང་རླན་པ་གྲངས་མེད་ཡིན།


ཨ་མ་ལགས།

ད་དུང༌། ཁྱེད་ཀྱིས་ཉིན་བཞིན་ནུབ་ཁའི་མཚམས་སྤྲིན་གྱི་གསེབ་ནས་

དམར་སེར་རྟ་བདུན་དབང་པོའི་གཟི་འོད་ལ། སེར་ཁ་གས་པའི་ལག་ཟུང་གིས་གཡོར་ཏེ།

མུ་མཐའ་མེད་པའི་རྩ་ཐང་ལ་རྒྱང་ལྟ་བྱེད་བཞིན།

རེ་སྒུག་ཁྲི་ཕྲག་གི་མིག་ཆུའི་བཞུར་རྒྱུན་བསིལ་ལོ་ཆབ་རོམ་དུ་གྱུར་འདུག


ཨ་མ་ལགས།

ང་ཁེར་རྐྱང་གི་གྲིབ་གཟུགས་དང་འགྲོགས་ནས། ་

གངས་རི་དང་གཙང་བོ་བརྒལ་ཞིང༌། ཕུགས་བསམ་དང་ལ་རྒྱ་སྐྱོང་བཞིན།

ཞི་བདེ་དང་རང་དབང་ཁྱེར་ནས།

ཁྱེད་ཀྱི་ལས་དབང་ལ་གྱེས་ཕྱག་འཚལ་བཞིན།

ང་ཡོང་གི་ཡོད།


ཨ་མ་ལགས།

གཡོ་ཟོལ་དང་ཕྱོགས་ཞེན་རྒྱབ་ཏུ་བཞག་སྟེ།

དྲང་བདེན་དང་ལྷག་བསམ་བག་མར་བསུས་ནས།

རི་རབ་དང་ཏི་སེ་དཔུང་པས་འདེགས་བཞིན།

བློ་བདེ་དང་བག་ཕེབས་ཀྱིས་ལམ་ཕྲན་ཞིག་བརྒྱུད་ནས་ཡོང་གི་ཡོད།

ཨ་མ་ལགས། ང་ཡོང་གི་ཡོད།

བོད་དུང་བས།