ཡེ་རྡོ་ཞེས་པས་༧གོང་ས་མཆོག་དང་ལིའུ་ཞའོ་པོ་ལ་རྒོལ་གཏམ་གྱི་རྩོམ་ཡིག
ཏཱ་ལའི་བླ་མ་དང་ལིའུ་ཞའོ་པོར“ནོ་པེལ་ཞི་བདེའི་བྱ་དགའ”ཐོབ་པ་དེས་ཅི་ཞིག་གསལ་བཤད་བྱས་ཡོད་དམ།
རྩོམ་པ་པོ། ཡེ་རྡོ།
ཟླ༡༠པའི་ཚེས༨ཉིན། ནོར་ཝེའི་ནོ་པེལ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ནོ་པེལ་ཞི་བདེའི་བྱ་དགའ་དེ་ཉིད། ཀྲུང་གོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ཐག་བཅད་ཡོད་པའི་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་ངན་སྐུལ་བྱེད་མཁན་ཉེས་ཅན་ལིའུ་ཞའོ་པོ་ལ་གནང་བ་རེད། དེར་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་འདི་སྐད། ནོ་པེལ་ཨུ་ཡོན་ལྷན་ཁང་གི་ཞི་བདེའི་བྱ་དགའ་མི་དེ་འདྲ་ཞིག་ལ་གནང་བ་ནི་བྱ་དགའ་དེ་གནང་བའི་རྩ་བའི་རྩ་དོན་དང་འགལ་ཡོད་པ་མ་ཟད། ཞི་བདེའི་བྱ་དགར་ཁྱད་གསོད་བྱས་པ་ཡང་ཡིན། དུས་མཚུངས་སུ་རྒྱལ་ཕྱིའི་མི་འགའ་ཞིག་ནད་ཀྱིས་མནར་བའི་ནད་པས་ཉལ་ཐ་འཐེན་པ་བཞིན་གློ་བུར་དུ་རྣམ་རིག་ཇེ་གསལ་དུ་སོང་ནས་དགའ་སྤྲོས་གནམ་ལྡིང་ས་ལྡིང་བྱེད་ཀྱིན་ཡོད། དེ་དག་གི་ནང་དུ་༡༩༨༩ལོར་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ཏཱ་ལའི་བླ་མ་ཡོད། ལིའུ་ཞའོ་པོ་ལ་བྱ་དགའ་ཐོབ་པའི་གནས་ཚུལ་ཕྱིར་བསྒྲགས་ནས་ཆུ་ཚོད་གཉིས་མ་འགོར་བའི་སྐབས་སུ། ཏཱ་ལའི་བླ་མས་“སྐུ་ཞབས་ལིའུ་ཞའོ་པོ་ལ་ད་ལོའི་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། དམིགས་བསལ་གྱི་གཟེངས་བསྟོད་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལིའུ་ཞའོ་པོ་ལ་གནང་བའི་མཚོན་རྟགས་ཤིག་ཡིན་”ཅེས་དང་། “ངས་གོ་སྐབས་འདིར་བསྟུན་ནས་ཀྲུང་གོ་སྲིད་གཞུང་ལ་སྐུ་ཞབས་ལིའུ་ཞའོ་པོ་དང་གཞན་ད་དུང་སྐད་ཆའི་ཉེས་ཅན་པ་རྣམས་གློད་འགྲོལ་བྱེད་པར་ཡང་བསྐྱར་འབོད་སྐུལ་བཏང་བ་ཡིན”ཞེས་གསལ་བསྒྲགས་བྱས་འདུག སྐབས་འདིར་ཏཱ་ལའི་བླ་མ་དངོས་སུ་ཐོན་པ་ནི་དོན་བཟང་ཞིག་ཡིན། དེར་ཀྲུང་གོའི་མི་རེ་རེས་བསམ་གཞིག་ཅིག་བྱེད་རིགས་པ་ནི། ཅིའི་ཕྱིར་དུ་ཏག་ཏག་མི་འདི་གཉིས་ལ་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་དགོས་པ་ཡིན་ནམ། དེའི་རྒྱབ་ཕྱོགས་སུ་འབྲེལ་བ་དང་རྒྱུ་མཚན་གཞན་ག་འདྲ་ཞིག་ཡོད་དམ།
ཏཱ་ལའི་བླ་མ་དང་ལིའུ་ཞའོ་པོ་གཉིས་ནི་ནུབ་ཕྱོགས་སྟོབས་ཤུགས་ཀྱི་ཆབ་སྲིད་ཀྱི་རྩེད་ཆས་གཉིས་ཡིན།
༡༩༨༩ལོར་ཏཱ་ལའི་བླ་མར་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་པ་དང་། ལོ་དེའི་ཟླ་༣པར་ཏཱ་ལའི་རུ་ཚོགས་ཀྱིས་ལྷ་སར་ཁྲག་བཞུར་དོན་རྐྱེན་བསླངས། ཟླ༦པར་ནུབ་ཕྱོགས་ཀྱི་སྟོབས་ཤུགས་འགས་ངན་སྐུལ་དང་རྒྱབ་སྐྱོབ་ལ་བརྟེན་ནས་པེ་ཅིང་དུ་“དྲུག་·བཞི”ཟིང་ཆ་བྱུང་། དེའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་ཆབ་སྲིད་ཁེར་རྐྱང་གི་གནས་སུ་བསྐྱལ་བ་དང་། དཔལ་འབྱོར་བཀག་སྡོམ་སོགས་མགོ་གནོན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད། ཟླ༡༠པར་ནའོ་པེལ་ཞི་བདེའི་བྱ་དགའ་“དུས་དང་མཐུན་པའི”ལམ་ནས་ཏཱ་ལའི་བླ་མའི་བགོ་སྐལ་དུ་སྨིན། སྐབས་དེར་ནོར་ཝེའི་ནོ་པེལ་མཐུན་ཚོགས་ཀྱི་ཚོགས་གཙོས་འཛེམ་དོགས་ཅི་ཡང་མེད་པར་འདི་སྐད། “ཏཱ་ལའི་བླ་མ་འདེམས་པ་ནི་ཀྲུང་གོའི་གནས་སྟངས་ལ་ཤུགས་རྐྱེན་བཟོ་ཆེད་དང་། ཀྲུང་གོའི་སློབ་མ་རྣམས་ཀྱི་དམངས་གཙོའི་བྱ་འགུལ་སྤེལ་ཕྱིར་འབད་བརྩོན་བྱེད་པའི་བྱ་སྤྱོད་ཁས་ལེན་ཆེད་ཀྱང་ཡིན། ཏཱ་ལའི་བླ་མར་མིའི་ཐོབ་ཐང་གི་བྱ་དགའ་ཐོབ་པ་ནི་རྒྱུ་རྐྱེན་གསར་བ་ཞིག་མིན་པར་ཆབ་སྲིད་ཀྱི་ཆ་ནས་ནུས་པ་ཐོན་པ་ཞིག་ཡིན།”ཞེས་བཤད་པ་རེད། ནོ་པེལ་ཨུ་ཡོན་ལྷན་ཚོགས་ཁང་གི་འགོ་གཙོས་འདི་སྐད། “ཏཱ་ལའི་བླ་མར་གཟེངས་བསྟོད་བྱེད་པ་ནི་པེ་ཅིང་སྲིད་གཞུང་ལ་ཉེས་ཆད་གཅོད་སྟངས་ཤིག་ཡིན། ”ཞེས་བཤད། དེར་གཞིགས་ན་ཏཱ་ལའི་བླ་མར་བྱ་དགའ་གནང་བ་ནི་ཏཱ་ལའི་བླ་མའི་ཆབ་སྲིད་ལ“གསོལ་རས”གནང་བ་ཞིག་ཡིན་ལ། ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་མགོ་གནོན་པ་དང་། ཀྲུང་གོ་ཁ་བྲལ་དུ་གཏོང་བའི་སྤྱིའི་བཀོད་པའི་ནང་གི་ཁག་ཅིག་ཀྱང་ཡིན། ནོ་པེལ་ཞི་བདེའི་བྱ་དགའ་དེ་ཉིད་ཡང་བསྐྱར་ནུབ་ཕྱོགས་སྟོབས་ཤུགས་འགའི་ཆབ་སྲིད་ཀྱི་ལག་ཆར་གྱུར་ཡོད་པ་རེད།
ནོར་ཝེའི་ནོ་པེལ་ཞི་བདེའི་བྱ་དགའ་དཔྱད་འདེམ་ཚོགས་པའི་འགན་ཁུར་བས་བྱ་དགའ་གནང་སྐབས་འདི་ལྟར། ཏཱ་ལར་བྱ་དགའ་དེ་གནང་བའི་རྒྱུ་མཚན་ནི་ཏཱ་ལའི་བླ་མས་བོད་བཅིངས་གྲོལ་གཏོང་བའི་འཐབ་རྩོད་ནང་ཐོག་མཐའ་བར་གསུམ་དུ་དྲག་ཤུགས་སྤྱོད་པར་ངོ་རྒོལ་དང་། ཞི་བདེའི་ངང་གནད་དོན་ཐག་གཅོད་པའི་བྱེད་ཐབས་སྤྱད་པས་ཡིན་ཞེས་བཤད་མོད། ཡིན་ནའང་། ཚང་མས་ཤེས་གསལ་ལྟར། “འཚེ་མེད་ཞི་བ”དང་“ཞི་བདེ་”སོགས་ནི་ཏཱ་ལའི་དང་འབྲེལ་བ་རྩ་བ་ནས་མེད་པ་རེད། ༡༩༥༩ལོར་ཏཱ་ལས་ཕྱོགས་ཡོངས་ནས་དྲག་པོའི་གྱེན་ལངས་བསླངས་ནས་བོད་ལྗོངས་མི་དམངས་ལ་གནོད་པ་བཟོས། དྲག་པོའི་གྱེན་ལངས་ཕམ་རྗེས་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁའི་གསང་འཕྲིན་ཁང་དབུས་མའི་རྒྱབ་སྐྱོར་འོག དུས་ཡུན་རིང་བོར་མི་༤༠༠༠ཙམ་གྱིས་གྲུབ་པའི་“ཆུ་བཞི་སྒང་དྲུག་ཆོས་སྲུང་དམག་”གསོ་སྐྱོང་བྱས་ནས། ཀྲུང་གོའི་མཐའ་མཚམས་ལ་ལོ་ངོ་བཅུ་ཙམ་རིང་དྲག་པོའི་འཇབ་རྒོལ་བྱས་པ་རེད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་གསང་འཕྲིན་ཁང་གི་གསང་བརྟོལ་ཡིག་ཚགས་ཀྱི་ནང་དུའང་དོན་དངོས་དེ་གང་ལེགས་ངང་བདེན་དཔང་བྱས་འདུག ཏཱ་ལའི་ཡིས་ཁོ་རང་ལ་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་པའི་རྒྱུ་མཚན་གསལ་བོར་ཤེས་ཀྱི་ཡོད་པ་རེད། ཁོས་བྱ་དགའ་ཐོབ་པའི་གནས་སྐབས་དེར་སེམས་འགུལ་ཐེབས་པའི་ངང་འདི་ལྟར། ནོ་པེལ་ཞི་བདེའི་བྱ་དགའ་ནི་བོད་མི་ཞིག་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་ཞིང་། བྱ་དགའ་འདི་ཐོབ་རྗེས། བོད་ཀྱིས་དཔའ་མཛངས་ཀྱི་འཐབ་རྩོད་དང་ཡུན་རིང་འཐབ་འཛིང་བྱས་ན་བོད་རང་བཙན་ཅིས་ཀྱང་ཐོབ་སྲིད་པར་སྔར་བས་ཡིད་ཆེས་བརྟན་པོ་སྐྱེས་བྱུང་ཞེས་བཤད་པ་རེད། གཏམ་དེར་བལྟས་ན། ཏཱ་ལའི་ཡིས་རེ་སྙེག་བྱེད་བཞིན་པ་ནི་“ཞི་བདེ”ཞེས་པ་མ་ཡིན་པར། “དཔའ་མཛངས་ཀྱི་འཐབ་རྩོད”དང་“ཡུན་རིང་གི་འཐབ་འཛིང་”དང་། “བོད་རང་བཙན”བྱེད་རྒྱུ་བཅས་ཡིན་པ་རེད། ཡུལ་གྱར་བོད་གཞུང་གི་བཀའ་བློན་ཟམ་གདོང་གིས་ཀྱང་མངོན་ལྐོག་མེད་པར་འདི་ལྟར། བྱ་དགའ་འདིས་རྒྱལ་ཁབ་ཕྱི་ནང་ཏུ་འཐབ་རྩོད་བྱེད་བཞིན་པའི་བོད་པ་ཚོར་གཟེངས་བསྟོད་བྱས་སོང་ཞེས་བཤད་མྱོང་།
བྱ་དགའ་འདིའི་སྐུལ་མའི་འོག ཏཱ་ལའི་ཡིས་སྔར་ལས་འཛེམ་བག་མེད་པར་“བོད་རང་བཙན”དང་། དྲག་པོའི་འཇིགས་སྐུལ་གྱི་བྱ་འགུལ་སྤེལ་འགོ་བརྩམས་པ་རེད། ལོ་རྗེས་མའི་ཟླ་༩པར། ཏཱ་ལའི་ཡིས་ཧོ་ལན་ནས་གསར་འགོད་པར་འདི་ལྟར། སུའུ་ལེན་གྱི་འགྱུར་ལྡོག་གིས་“བོད་རང་བཙན”བྱེད་པར་གོ་སྐབས་གསར་པ་བསྐྲུན་བྱུང་ཞེས་བཤད་པ་དང་། ༡༩༩༡ལོའི་ཟླ་༤བར་ཨ་རིའི་རླུང་འཕྲིན་ཁང་ལ་ཡང་འདི་ལྟར། གོམ་གང་མདུན་སྤོས་ཀྱིས་བོད་རང་བཙན་སྐོར་གྱི་བྱ་བ་ཡོད་ཚད་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད་མྱོང་། ལྷག་པར་དུ་༢༠༠༨ལོར། ཏཱ་ལའི་ཡིས་སླར་ཡང་“༣﹒༡༤”དོན་རྐྱེན་བསླངས་ནས་ཉིན་ཕྱེད་རིང་། མི་སེར་༡༨རྡུང་བའམ་མེར་བསྲེགས་བཏང་ནས་བསད་པ་དང་། ཚོང་ཁང་༡༣༠༠བསྲེགས་པ་རེད། དེར་མཐུད་ནས་ཏཱ་ལའི་ཡིས་སླར་ཡང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཕྱི་རྒྱལ་ནས་བརྒྱུད་སྤྲོད་བྱེད་པར་གཏོར་བརླག་བྱས་པ་རེད། ད་ལོའི་ཟླ་༧པའི་ནང་། ཏཱ་ལའི་ཡིས་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་མངོན་སུམ་འཛེམ་མེད་ངང་སླར་ཡང་“བོད་རང་བཙན་”དང་དྲག་ཤུགས་ཀྱི་དར་ཆ་ཕྱར་བ་མ་ཟད། ད་དུང་ལག་དམར་ཞི་ཐེ་ལི་ནི་སྙིང་རྗེ་ལྡན་པའི་མི་ཞིག་ཡིན་པའི་སྐོར་བཤད་པ་རེད། འདི་དག་ཚང་མ་ནི་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ཞིག་གི་མིང་སྟེང་ནས་སྤེལ་བ་རེད། མཁས་མཛངས་ལྡན་པའི་ནོར་ཝེའི་ནོ་པེལ་ཞི་བདེའི་བྱ་དགའ་དཔྱད་འདེམ་ཚོགས་པས་འདི་དག་མི་མཐོང་མི་སྲིད་ལ། དེ་ནི་ཏག་ཏག་ཁོ་ཚོའི་རེ་བ་རེད། ཁོ་ཚོ་ལ་དགོས་པ་ནི་ཀྲུང་གོར་ངོ་རྒོལ་དང་ཀྲུང་གོ་ཁ་བྲལ་གཏོང་བའི་མཚོན་བྱེད་རང་བཞིན་ལྡན་པའི་མི་སྣ་ཞིག་རེད། ཏག་ཏག་དམིགས་ཡུལ་དེའི་སྣེ་ཁྲིད་འོག ནོར་ཝེ་གྲོས་ཁང་གི་མི་ཁག་ཅིག་གིས་“བོད་ལྗོངས་ཚོགས་ཆུང་”བཙུགས་ནས། ཏཱ་ལའི་ཡིས་ཁ་བྲལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ལས་གཉེར་བ་དང་། ཏཱ་ལའི་རུ་ཚོགས་དང་མཉམ་འབྲེལ་ངང་ཨོ་སི་ལུའུ་རུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཙུགས་པ་དང་། ཀྲུང་གོའི་བོད་ལྗོངས་ལ་མངོན་སུམ་འཛེམ་མེད་ངང་དཀྲུག་ཤིང་དང་དམའ་འབེབས། རྒོལ་བ་བཅས་བྱེད་པའི་དྲིལ་བསྒྲགས་སྤེལ་བ་རེད།
སྔར་གྱི་ཏཱ་ལའི་དཔེར་མཚོན་ཡོད་པར་བརྟེན། དེ་རིང་ནོར་ཝེའི་ནོ་པེལ་ཨུ་ལྷན་གྱིས་ནོ་པེལ་ཞི་བདེའི་བྱ་དགའ་ལིའུ་ཞའོ་པོ་ལྟ་བུའི་མི་ལ་སྤྲད་པར་མཚར་སྣང་འཛིན་རྒྱུ་ཅི་ཡང་མེད། ཏཱ་ལའི་ཡིས་བོད་རང་བཙན་གྱི་ལས་ལ་སྐུལ་སློང་བྱས་ཏེ། ཀྲུང་གོ་ཁ་བྲལ་དུ་གཏོང་འདོད་པ་དང་། ལིའུ་ཞོའི་པོ་ཡིས་ཀྲུང་གོས་ལག་བསྟར་བྱེད་བཞིན་པའི་ད་ཡོད་ཁྲིམས་ལུགས་ལ་ངོ་རྒོལ་བྱས་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་འདོད་པ་རེད། ཀྲུང་གོ་ཁ་བྲལ་དང་། ཡང་ན་ཀྲུང་གོ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་གང་ཞིག་ཡིན་རུང་། ཚང་མ་ནུབ་ཕྱོགས་སྟོབས་ཤུགས་འགའི་འཐབ་ཇུས་དམིགས་འབེན་དང་གཅིག་མཐུན་བྱུང་ཡོད་པ་རེད། ཏཱ་ལའི་དང་ལིའུ་ཞའོ་པོ་གཉིས་གནད་དོན་གཙོ་བོ་མ་ཡིན། ཆེས་གཙོ་བོ་ནི་ཁོ་ཚོར་བྱ་དགའ་སྤྲད་པ་དེས་ཀྲུང་གོ་ཁ་བྲལ་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དམའ་འབེབས་གཏོང་བའི་ཟིལ་ཤུགས་དག་ལ་ཕུ་རྒྱག་ངར་སློང་བྱས་ཤིང་། མི་འདི་དག་ལ་བརྟེན་ནས་ཀྲུང་གོར་མུ་མཐུད་དུ་ཟིང་ཆ་བཟོ་འདོད་པ་དེ་རེད། ལིའུ་ཞའོ་པོ་ལ་བྱ་དགའ་ཐོབ་རྗེས། ཕྱི་རྒྱལ་གྱི་ཟིང་སློང་ཉེས་ཅན་པ་རྣམས་གློ་བུར་དུ་རྟོགས་པ་སད་དེ་སྐད་གསང་མཐོན་པོས་“རྒྱལ་ཁབ་ཕྱི་ནང་གི་ངོ་རྒོལ་ཕྱོགས་ཁག་དག་གིས་ཐུན་མོང་སྒོས་འབུམ་རམས་པ་ལིའུ་ཞའོ་པོ་ཉིད་ཀྲུང་གོའི་དམངས་གཙོ་ལས་འགུལ་གྱི་བསམ་པའི་འགོ་གཙོར་བཀུར་ནས། ལིའུ་ཞའོ་པོ་ཡི་དར་ཆའི་འོག་འདུ་འཛོམས་བྱས་ནས་ཀྲུང་གུང་སྒེར་གཅོད་སྲིད་དབང་ལ་གསར་དུ་རྒོལ་བ་བྱེད་རིགས”ཞེས་སྐད་འབོད་བརྒྱབ་པ་རེད།
ནོ་པེལ་ཞི་བདེའི་བྱ་དགའ་ནི་གནའ་སྔ་མོ་ནས་དག་གཙང་གི་བུ་མོ་ལྟ་བུ་ཞིག་གཏན་ནས་མ་ཡིན།
ནོ་པེལ་ནི་བླ་ན་མེད་པའི་མི་ཞིག་ཡིན། ཁོང་གི་ཁ་ཆེམས་ལ་གཞིགས་ན། ནོ་པེལ་ཞི་བདེའི་བྱ་དགའི་དམིགས་ཡུལ་ནི་“མི་རིགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་བར་གྱི་མཛའ་བརྩེ་ཇེ་ལེགས་སུ་གཏོང་བ། དམག་མི་ཉུང་དུ་འཕྲི་བར་སྐུལ་འདེད། དེ་མིན་ད་དུང་ཞི་བདེ་གྲོས་ཚོགས་སྐོང་འཚོགས་དང་དྲིལ་བསྒྲགས་བྱེད་པར་ཧུར་བརྩོན་གནང་མཁན་གྱི་མི་རྣམས་ལ་སྤྲོད་དགོས་པ་ཡིན་མོད།”ཡིན་ནའང་འཛམ་གླིང་ཡོངས་ཀྱི་ཀུན་སྤྱོད་ལེགས་པོ་རྣམས་སྡོད་ཡུལ་དུ་གྲགས་པའི་ནོར་ཝེའི་ནོ་པེལ་ཨུ་ལྷན་གྱིས་ཕྱོགས་ཞེན་གྱི་འདུ་ཤེས་བཟུང་བ་ཡིན་ནམ་ཆབ་སྲིད་ཀྱི་དགོས་མཁོ་ཡིན་ནམ། ཡང་ན་རྒྱལ་ཁབ་ཁ་ཤས་ཤིག་གི་འགོ་ཁྲིད་པ་རྣམས་ལ་ངོ་དགའ་བྱེད་ཆེད་ཡིན་ནམ་ཅི། དགོད་བྲོ་བའི་གཏམ་རྒྱུད་དང་ཐེ་ཚོམ་གྲངས་མེད་ཅིག་གིས་ཀུན་གྱིས་ཡིད་ཆེས་རུང་བའི་ནོ་པེལ་ཞི་བདེའི་བྱ་དགའི་མཚན་སྙན་ལ་སླད་སྐྱོན་བཟོས་སོང་བར་མ་ཟད། སྐུ་ཞབས་ནོ་པེལ་གྱི་མཚན་སྙན་ཡང་ནག་ནོག་གི་དྲི་མས་སྦགས་སོང་། ཚང་མས་ཤེས་གསལ་ལྟར། རྒྱ་གར་གྱི་མིང་དུ་གྲགས་པའི་ཞི་བདེའི་དེད་དཔོན་ཆེན་མོ་གནྡིས། ཞི་བདེའི་ཐབས་ལ་བརྟེན་ནས་རྒྱ་གར་ཉིད་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་དབང་སྒྱུར་ལས་ཡོངས་སུ་གྲོལ་བར་ཧུར་བརྩོན་བྱས་ཏེ་མི་རིགས་རང་བཙན་བྱེད་པ་མངོན་འགྱུར་བྱུང་ཡོད་པ་དང་། ཁོང་ཉིད་ཐེངས་ལྔར་ནོ་པེལ་ཞི་བདེའི་བྱ་དགའ་འདེམས་སྒུག་གྲས་སུ་ཚུད་ཅིང་། བྱ་དགའ་འདི་ནམ་ཡང་ཐོབ་མ་མྱོང་། འོན་ཀྱང་དུས་རབས་གོང་མའི་ནང་དུ་བྱ་དགའ་འདི་ཐེངས་གང་མང་ཞིག་ལ་སུའུ་ལེན་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་གྱི་མི་ས་ཧ་ལོའུ་ཧྥུའུ་ལྟ་བུ་ཞིག་ལ་སྤྲད་པ་དང་། དེའི་ནང་དུ་རང་ཉིད་ཀྱི་རྒྱལ་ཁབ་འཐོར་ཞིག་གཏོང་མཁན་ཀོ་ཨར་པ་ཆའོ་ཧྥུའུ་ཀྱང་ཚུད་ཡོད།
༡༩༦༡ལོར་ཨ་མེ་རི་ཁས་དམག་བཏང་ནས་ཡོ་ནན་ལ་བཙན་འཛུལ་བྱས་ཤིང་། མི་ལོ་བཅུའི་རིང་ལ་དམག་འཁྲུག་བརྒྱབ་པ་དང་། དམག་འཁྲུག་ཕམ་ཁ་བྱུང་རྗེས་དམག་འཁྲུག་མཚམས་བཞག་ནས་དམག་དཔུང་ཕྱིར་མི་འཐེན་ཀ་མེད་བྱུང་མོད། ཡིན་ནའང་ནོ་ཝེའི་ནོ་པེལ་ཨུ་ལྷན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་དམག་འཁྲུག་མཚམས་བཞག་པ་རྒྱུ་མཚན་དུ་བྱས་ནས། ༡༩༧༣ལོའི་ནོ་པེལ་ཞི་བདེའི་བྱ་དགའ་དེ་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཀྱི་འགོ་འཛིན་པ་ཞིན་ཀོ་དང་ཡོ་ནན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལི་ཏི་ཧྲིག་རྣམ་གཉིས་ལ་སྤྲད་པས། དམག་འཁྲུག་སློང་མཁན་དང་གནོད་འཚེ་མྱོང་མཁན་རྣམ་གཉིས་དུས་མཚུངས་སུ་ཞི་བདེའི་བྱ་དགའ་ཐོབ་མཁན་དུ་གྱུར་པའི་གནད་དོན་ཡ་མཚན་འདི་འདྲ་བྱུང་བ་རེད། མཇུག་མཐར་ཡོ་ནན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་བྱ་དགའ་དང་ལེན་མ་གནང་བ་རེད། ལིའུ་ཞའོ་པོ་ལ་བྱ་དགའ་ཐོབ་རྗེས། ཟླ་༡༠པའི་ཚེས༨ཉིན་ཨུ་རུ་སིའི་གསར་འགྱུར་ཁང་གིས་དཔྱད་བརྗོད་གནད་ལ་འཁེལ་བ་ཞིག་སྤེལ་ཡོད་པ་འདི་ལྟ་སྟེ། ནོ་པེལ་ཞི་བདེའི་བྱ་དགའ་དེ་གནའ་ནས་ད་ལྟའི་བར་དུ་ཆབ་སྲིད་ཅན་དུ་འགྱུར་ཐལ་དྲགས་པ་དང་། བྱ་དགའ་འདི་ཁ་ལོ་སྒྱུར་མཁན་གྱི་ལེགས་ཉེས་བཟང་ངན་གྱི་སྤང་བླང་མཐའ་དག་ཨ་མེ་རི་ཁ་དང་། བྱང་ཆིངས་དང་། ཡོ་རོབ་ནུབ་མ་བཅས་ཀྱི་རྣམ་འགྱུར་གྱི་སྟེང་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཀོད་འདུག འདིའི་ཕྱོགས་ཀྱི་དཔེར་བརྗོད་ཤིན་ཏུ་མང་སྟེ། ལིའུ་ཞའོ་པོའི་ཡར་སྔོན་གྱི་བྱ་དགའ་ཐོབ་མཁན་གསུམ་གྱི་དཔེར་བརྗོད་དག་ལས་ཡོངས་སུ་མཚོན་ཐུབ། ཐེངས་དང་པོ་ནི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཀོ་ཨེར་ཡིན་ཞིང་། ཁོང་ལ་བྱ་དགའ་ཐོབ་པའི་རྒྱུ་རྐྱེན་ནི་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱས་པས་སོ། ཐེངས་གཉིས་པར་བྱ་དགའ་ཐོབ་མཁན་ནི་ཧྥུན་ལན་གྱི་ཙུང་ཐུང་སྔོན་མ་ཡིན་ཞིང་། ཁོང་ནི་ནན་སི་ལ་ཧྥུའུ་གནད་དོན་ཐག་གཅོད་བྱེད་པར་རྩ་འཛུགས་བྱེད་མཁན་གཙོ་བོ་ཡིན་པ་དང་། མ་སྐུལ་དང་བླང་སྒོས་སེ་ཨར་ཝེ་ཡ་འགེབས་པར་རྒྱབ་སྐྱོར་བྱེད་པ་དང་། ཁུ་སོ་འོ་རང་བཙན་གྱི་སྐུལ་འདེད་པ་ཡིན་པས་སོ། བྱ་དགའ་ཐོབ་མཁན་ཨང་གསུམ་པ་ནི་ན་ནིང་བྱ་དགའ་ཐོབ་མཁན་གྱི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་བྷ་མ་ཡིན་ཞིང་། ཁོང་རང་མིང་ཐོའི་གྲས་སུ་ཚུད་པའི་སྐབས་དེར་ཁོང་གིས་ཙུང་ཐུང་གི་གོ་གནས་གཉེར་ནས་གཟའ་འཁོར་གཉིས་ཀྱང་འགོར་མེད་པ་དང་། དེར་ཨ་མེ་རི་ཁ་ཚུད་པའི་འཛམ་གླིང་ཡོངས་ཀྱིས་ཁོང་གིས་དོན་དངོས་སུ་འཛམ་གླིང་ཞི་བདེའི་ཐད་ལ་མཛད་རྗེས་ཅི་ཞིག་བཞག་སོང་བ་གསལ་བོ་ཤེས་ཀྱིན་མེད། དེ་ལས་ལྡོག་སྟེ་ག་ས་གང་དུ་འཕྱ་དམོད་ཀྱིས་ཁེངས་ཡོད།
ཐེངས་གསུམ་ལ་བསྟུད་མར་བྱ་དགའ་ཐོབ་མཁན་རྣམས་ཞི་བདེ་དང་འབྲེལ་བ་མེད་པ་དང་། ཁོང་ཚོར་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། ཚང་མ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཙུང་ཐུང་དང་། ཙུང་ཐུང་གཞོན་པ་ཡིན་ཞིང་། དེའི་ནང་དུ་ཨ་མེ་རི་ཁས་གཉིས་ཟིན་ཡོད། ཨོ་བྷ་མ་ཁོ་རང་གི་སེམས་སུ་གསལ་བོ་ཡིན་པས། ངོ་གནོང་ནས་དེ་འཕྲལ་རང་ཉིད་ལ་འདི་འདྲའི་བྱ་དགའ་ཐོབ་མི་འོས་པའི་ཚུལ་བསྟན་པ་དང་། ནོར་ཝེའི་ནོ་པེལ་ཨུ་ལྷན་གྱིས་སྣང་དོགས་ཅི་ཡང་མེད་པར་ཁོ་ལ་བྱ་དགའ་འདི་སྤྲོད་ཅི་ཐུབ་བྱས་པ་རེད། གལ་ཏེ་ནོར་ཝེའི་ནོ་པེལ་ཨུ་ལྷན་གྱིས་ཏཱ་ལར་གནང་བའི་ཚད་གཞི་ལྟར་ན། ཁ་བྲལ་རིང་ལུགས་པ་ཞིག་ཡིན་ཕྱིན་ཚང་མར་ཞི་བདེའི་བྱ་དགའ་འདི་འདེམས་པའི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ནོར་ཝེའི་ནོ་པེལ་ཨུ་ལྷན་གྱིས་ད་ལྟའི་བར་དུ་ཡོ་རོབ་གླིང་ཆེན་རྒྱལ་ཁབ་ཀྱི་ཁ་བྲལ་རིང་ལུགས་མང་པོ་ཞིག་གི་རྩ་འཛུགས་ཁྲོད་ཀྱི་འགོ་ཁྲིད་ཞིག་ལ་ཞི་ བདེའི་བྱ་དགའ་འདི་སྤྲོད་པའི་སྙིང་སྟོབས་མེད་པ་དང་། ནོ་པེལ་ཞི་བདེའི་བྱ་དགའ་དེ་སྣང་མེད་དུ་བསྐྱུར་ནས་འདི་འདྲའི་གནས་སུ་གྱར་ཡོད་པ་རེད། སྐུ་ཞབས་ནོ་པེལ་གྱིས་གལ་ཏེ་གནས་ཚུལ་འདི་རིགས་ཤེས་པའི་དབང་དུ་བཏང་ན། བྱེད་སྟངས་འདི་ལ་ཁོང་གིས་བསམ་ཚུལ་ཇི་ལྟ་བུ་ཞིག་འཛིན་ནམ།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་བཀག་སྡོམ་བྱེད་པའི་གཡོ་ཐབས་ལ་དོགས་ཟོན་གྱིས་ཤིག
༡༩༨༩ ལོར་ཏཱལར་ཞི་བདེའི་བྱ་དགའ་ཐོབ་པར་འབྲེལ་ན། ནོར་ཝེའི་ནོ་པེལ་ཨུ་ཡོན་ལྷན་ཚོགས་ཀྱིས་ད་ལོར་ལིའུ་ཞའོ་པོ་ལ་བྱ་དགའ་གནང་རྒྱུར་བདམས་པ་དེ་ཡང་སྟེས་དབང་ཞིག་མ་རེད། ༢༠༠༨ལོ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་འཚོགས་པར་བཀག་འགོག་བྱ་རྒྱུའི་ལག་ཆའི་ཚུལ་དུ། སྐད་ཤུགས་ཆེན་པོས་ཏཱལའི་ཡི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་སྲིད་གཞུང་གིས་“བོད་རང་བཙན་”ལ་ལྷོད་ཡངས་གཏོང་བའི་རེ་ངན་བཅངས་པ་རེད། ད་ལྟའི་བར་དུ་ཏཱལའི་ཡིས་ཀྲུང་གོར་རྙོག་དྲ་བཟོ་བའི་བྱ་འགུལ་མཚམས་བཞག་མེད།
ཉེ་བའི་ལོ་འགའི་ནང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་ཚོང་ལས་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་འགུལ་སྤེལ་བ་དང་། ཉེ་དུས་ཀྱི་ཀྲུང་གོ་དང་ཡོ་རོབ་བཟོ་ཚོང་དབུ་ཁྲིད་མི་སྣའི་ཚོགས་ཆེན་སྟེང་། ཡོ་རོབ་མཐུན་ཚོགས་ཨ་རིའི་རྗེས་འབྲང་ནས་མཉམ་དུ་མི་དམངས་ཤོག་སྒོར་ཀྱི་རིན་ཐང་ཇེ་མཐོར་གཏོང་རྒྱུའི་རེ་བ་བཏོན་ནས། ཀྲུང་གོ་ལ་“དངུལ་ལོར་འཐབ་འཁྲུག་”ཡོང་བའི་རེ་ངན་བཅངས་ཡོད་པ་རེད། ཝུན་ཙུང་ལི་ཡིས་མངོན་གསལ་དུ་བསྟན་དོན། གལ་ཏེ་མི་ཁ་ཤས་ཀྱི་རེ་བ་ལྟར་བྱས་ན། མི་དམངས་ཤོག་སྒོར་གྱི་རིན་ཐང་བརྒྱ་ཆའི་༢༠ ནས་བརྒྱ་ཆ་༤༠འཕར་བ་དང་། དེ་ལྟར་བྱས་ན་ཀྲུང་གོའི་ཕྱིར་གཏོང་ཁེ་ལས་མང་པོ་ཞིག་མ་རྩ་བརྡིབ་པར་འགྱུར་བ་དང་། བཟོ་པ་མང་པོའི་ལས་ཀ་ཤོར་བ། ཞིང་པའི་ལས་ཀ་བ་ཕྱིར་ཞིང་གྲོང་དུ་ལོག་རྒྱུ་ཡིན་པས། སྤྱི་ཚོགས་བདེ་འཇགས་ཡོང་དཀའ་བ་རེད། ནུབ་ཕྱོགས་ཀྱི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་དེ་ལྟར་སྒྲུབ་པའི་དམིགས་ཡུལ་ནི། དཔལ་འབྱོར་ཁེ་ཕན་སྒེར་འཛིན་བྱེད་པ་ལས་གཞན། དཔར་འབྱོར་ཕྱོགས་ནས་ཀྲུང་གོར་ཚོད་འཛིན་བྱས་ཏེ། ཀྲུང་གོའི་སྤྱི་ཚོགས་ལ་གཏོང་བརླག་བྱེད་འདོད་པ་དེ་རེད། དེ་དང་དུས་མཚུངས་སུ། རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོའི་མཚོ་འགྲམ་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱས་པ་དང་། གནམ་གྲུ་འབབ་སའི་གྲུ་གཟིངས་ཀྲུང་གོའི་སྒོ་འགྲམ་དུ་བཏང་། ད་དུང་ཧའེ་ནན་གྱི་གནད་དོན་ཐད་འདྲེ་ལག་བརྐྱངས། ཏའོ་དབྱི་ཐའེ་གླིང་ཕྲན་གྱི་དོན་རྐྱེན་བཟོས། པར་གཞི་རིགས་མི་འདྲ་བའི་ཐོག་ནས་ཀྲུང་གོའི་དམག་དོན་འཇིགས་སྐུལ་ཐད་ཀྱི་ལྟ་བ་བཏོན་པ་རེད། དེ་དག་གི་དམིགས་ཡུལ་ནི་དམག་དོན་ཐད་ནས་ཀྲུང་གོར་སྐོར་རྒོལ་དང་བཀག་སྡོམ་བྱེད་འདོད་པ་དེ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ནུབ་ཕྱོགས་ཀྱི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོར་ཚུལ་རྒོལ་དང་བཀག་སྡོམ་རྒྱུན་ཆད་མེད་པར་བྱས། འོན་ཀྱང་ཀྲུང་གོའི་མི་ཡིས་ནམ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཐལ་སྒྲར་མི་རེ་བ་དང་། འཇིགས་སྐུལ་བྱས་པར་ཡང་མི་སྐྲག་པ་རེད། ཀྲུང་གོ་ཡིས་ནུབ་ཕྱོགས་ཀྱི་རེ་འདུན་ལྟར་མི་སྒྲུབ་པ་དང་། ནམ་ཡང་རང་ཉིད་ཀྱི་ལམ་བུ་བརྒྱུད་ནས་སོང་བས། མཐའ་མར་ཇེ་བརྟན་དང་ཇེ་རྒྱས་སུ་གྱུར། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཁ་ཤས་ཀྱིས་ཐབས་ལམ་རྙིང་བ་བསྐྱར་བཀོལ་བྱས་ཏེ། ལིའུ་ཞའོ་པོ་ལ་ཞི་བདེའི་བྱ་དགའ་གནང་བ་དེས་ནུས་པ་གལ་ཆེན་ཐོན་པར་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ནུབ་ཕྱོགས་ཀྱི་གསར་འགོད་པ་ཁ་ཤས་ཀྱི་རེ་འདུན་དང་མཐུན་པར། “ཀྲུང་གོའི་རྒྱལ་ཁབ་ནང་ཁུལ་དུ་བསླངས་པའི་ཤན་ཤུགས་དེ་ལོ་མང་པོའི་རིང་བྱུང་བའི་རིགས་འདྲའི་དོན་རྐྱེན་གཞན་ལས་ཀྱང་ལྷག་པ་ཡིན”ལ། “ཀྲུང་གོའི་དམངས་གཙོ་གོང་དུ་སྤེལ་ནུས་པ་རེད ”ཀྲུང་གོར་སླར་ཡང་གཏོར་བརླག་ཅུང་ཙམ་ཐེབས་པ་དང་། རབ་བྱུང་ན་ཀྲུང་གོའི་སྤྱི་ཚོགས་ཟིང་འཁྲུག་རྙོག་འཛིང་དུ་འགྱུར་བར་རེ་བ་བྱེད་ཀྱི་འདུག ཐབས་བཀོད་དེ་ནི་དོན་དངོས་དང་མི་མཐུན་ལ་དགོད་སྤྲོ་བ་ཞིག་རེད།
སྨྱུག་ཐོགས་པའི་རྩོམ་ཐུང་འདི་ཡིས་ནོར་ཝེའི་ནོ་པེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དག་ལ་གོ་རྟོགས་སད་དུ་འཇུག་ཐུབ་པར་མི་རེ་ཡང་། དེ་ལས་ལྡོག་སྟེ་བྱམས་པའི་སེམས་ཀྱིས་ཁོང་ཚོར་སྟབས་བདེའི་སྒོ་མོ་ཞིག་འབྱེད་ཐུབ་ན་བསམ་པ་ཡིན། ཀྲུང་གོར་ངོ་རྒོལ་བྱེད་པའི་“ཐའེ་ཝན་རང་བཙན”དང་“བོད་རང་བཙན” “གྲུ་གུ་ཤར་མ” ཆོས་འཁོར་རྩ་རླུང་སྦྱོང་མཁན། ཕྱི་རྒྱལ་གྱི་ངོ་རྒོལ་ཚོགས་པ་སོགས་ཚང་མའི་མིང་ཐོ་བཀོད་ཆོག་པ་རེད། དེ་དག་ཚང་མ་འདེམས་ཆོག་པ་ཁག་ཐེག་རེད། གཞན་དེ་དག་ལས་མི་མང་པོ་ལིའུ་ཞའོ་པོ་དང་བསྡུར་ན་ཡུན་རིང་གི་ཉམས་མྱོང་ཡོད་པས། ནོར་ཝེའི་ནོ་པེལ་ཨུ་ཡོན་ལྷན་ཚོགས་ཀྱིས་རྗེས་ཕྱོགས་མི་སྣ་གདམ་པར་དཀའ་ལས་མྱོང་མི་དགོས་པ་རེད། ཕྱི་རྒྱལ་གྱི་ངོ་རྒོལ་པ་རྒན་པ་ཞིག་གིས་སྔ་མོ་ནས་“ནོ་པེལ་ཞི་བདེའི་རྟགས་མ་ལེན་ཐུབ་མཁན་གྱི་ཀྲུང་གོའི་མི་ཁྲི་ཁ་ཤས་ཡོད་”ཅེས་བཤད་ཡོད།
སྨྱུག་ཐོགས་པས་ཏཱལའི་ལ་གསལ་འདེབས་ཤིག་བྱེད་འདོད་པ་ནི། ངོ་རྒོལ་ཚོགས་པའི་ཁྲོད་དུ་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་མཁན་གཅིག་ཇེ་མང་དུ་སོང་ན་དེས་ནུས་ཤུགས་ཇེ་ཆེར་འགྱུར་འགྲོ་སྙམ་པ་མ་སྐྱེས། ངོ་རྒོལ་མཁན་རྒན་པ་ཞིག་གིས་དྲ་ཐོག་ཏུ་“ཏཱ་ལའི་ནི་ས་ཕྱོགས་སོ་སོར་མཛའ་གྲོགས་སྒྲིག་མཁན་ཙམ་ལས་གཞན་ཅི་ཡང་མ་རེད། ནོ་པེལ་བྱ་དགའི་ནུས་པ་ཙམ་མ་གཏོགས། ཁོ་རང་ནམ་ཡང་དགོན་ནང་དུ་མཆོད་མེ་ཁ་ཤས་སྲུང་ནས་འདུག་པ་ལས་གཞན་ཅི་ཡང་མེད། དམངས་གཙོའི་ལས་འགུལ་གྱིས་ཀྱང་ནུབ་ཕྱོགས་ལ་སློབ་སྦྱོང་བྱས་པས། མཁོ་བའི་སྐབས་སུ་ཁོ་རང་སྤྱོད་པ་ལས། ནམ་རྒྱུན་དོ་སྣང་ཆེན་པོ་མི་བྱེད་པ་རེད།”ལོ་སྔོན་མའི་ནང་དུ་ངོ་རྒོལ་ཚོགས་པ་སོ་སོས་ཏཱ་ལའི་ལ་བརྩི་མཐོང་བྱས་ཏེ། “ཏཱ་ལའི་མ་གཏོགས་ཀྲུང་གོའི་ཕྱི་རྒྱལ་གྱི་དམངས་གཙོའི་ལས་འགུལ་ཞི་འདུམ་བྱེད་ཐུབ་པའི་ནུས་པ་ཡོད་མཁན་མེད།”ཅེས་ཟེར་བ་དང་།ཡང་ཏཱ་ལའི་ནི་“ཀྲུང་གོའི་དམངས་གཙོའི་ལས་འགུལ་གྱི་བསམ་བློའི་མཛུབ་སྟོན་མཁན”ཡིན་ཞེས་མཚན་སྙན་གསོལ། དེ་ལས་ཀྱང་“ཏང་ཁག་”ཞིག་གིས་ཏཱལའི་ཀྲུང་གོའི་ཙུང་ཐུང་དུ་འགོད་པའི་རེ་བ་བཏོན་ཡོད་པ་རེད། ད་ལྟ་ལིའུ་ཞའོ་པོ་“མཚན་སྙན་”རྒྱས་པར་བལྟས་ན། ངོ་རྒོལ་ཚོགས་པ་དེ་དག་གིས་“ལིའུ་ཞའོ་པོ་འབུམ་རམས་པ་ཆེན་མོ་ཀྲུང་གོའི་དམངས་གཙོའི་ལས་འགུལ་གྱི་མཛུབ་སྟོན་མཁན་དུ་བཀུར་ནས། ལི་ཞའོ་པོ་ཡི་དར་ཆའི་འོག་བསྐྱར་དུ་འདུས་”ཞེས་ཁྱབ་བསྒྲགས་བྱེད་པས། དུས་ཡུན་ཐུང་ངུའི་ནང་དུ་ཏཱལའི་ཕྱོགས་ཕྱོགས་བཞན་ཞིག་ཏུ་གཡུག་པ་རེད། དེ་བས་ཏཱལའི་ཡིས་ངེས་པར་དུ་ཡིད་གཟབ་བྱེད་དགོས་འདུག ལོ་བཅུ་ཕྲག་ཁ་ཤས་ལ་རྒྱལ་ཁམས་འགྲིམ་ཡང་། མཐའ་མར་ན་ཆུང་ལོ་ཉུང་ཞིག་གིས་གཡོ་འོག་ཏུ་ཚུད་མི་རུང་།།
{jcomments on}