གུས་བཀུར་དང་བསམ་ཤེས་མེད་པའི་འོས་བསྡུ་འགན་འཛིན།
ཅི་སྟེ་དེ་ལྟར་དགོས་ཚེ་ས་གནས་སྤུ་རུ་ཝ་ལ་ནས་ངོས་སྦྱོར་དང་རྒྱབ་གཉེར་དགོས་ལུགས་བཤད་དེ་ས་སྐྱ་གོང་མ་ལ་ཡིད་ཆེས་སྤུ་ཙམ་ཡང་མ་གནང་ནས་འདི་གར་ས་གནས་ནས་རྒྱབ་གཉེར་དང་ངོས་སྦྱོར་གནང་དགོས་བྱུང་བའི་གནས་ཚུལ་འདུག།ལྷོ་ཕྱོགས་སུ་དེབ་བཀོད་གནང་ནས་དྷ་ས་འོས་བླུགས་ཆོག་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་ལ། ཁྲིམས་ལུགས་དང་མཐུན་པའི་གནས་སྟངས་ཤིག་ཀྱང་རེད། སྤྱིར་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་ལྟ་བུར་མཚོན་ན་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བློ་འགེལ་ཡུལ་ཞིག་དང་དབུ་འོག་དཔུང་འདེབས་ཞུ་མཁན་ཞིག་རེད། དེ་འདྲའི་གང་ཟག་ཅིག་ལ་དམིགས་གསལ་གནང་མ་ཐུབ་ཀྱང་ཡོད་པ་དེར་གུས་བཀུར་ཐོག་ནས་དང་ལེན་མ་གནང་བ་དེ་བཙན་བྱོལ་གཞུང་གི་ལྟོ་ཟས་མཁན་ཞིག་གི་བྱེད་སྟངས་རེད་འདུག་གམ། འདི་ལྟ་བུ་མི་ངན་དེ་ཚོས་བྱེད་སྟངས་དེ་དག་ལ་དབུས་དང་ས་གནས་ཚང་མས་སློབ་གསོ་གཏོང་དགོས་པ་གལ་ཆེ་མཐོང་། གལ་སྲིད་འདི་འདྲའི་རིགས་ཅན་ལ་དབུས་ས་ཚང་མའི་མི་སྨྲ་བས་བཏུལ་བཞུགས་གནང་ཚེ་ཕྱིན་ཆད་སྲིད་གཞུང་དང་ལམ་ལུགས་འདིར་ཡིད་ཆེས་དང་རེ་བ་གནང་མཁན་ཇེ་ཉུང་ལས་ཇེ་མང་ནམ་ཡང་འགྲོ་མི་སྲིད། འདིའི་ཐད་ཁུར་དུ་འཁྲི་མཁན་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་དཔྱད་ཞིབ་གནང་དགོས་གལ་ཆེ་མཐོང། ནམ་རྒྱུན་དྲྭ་རྒྱ་མ་ཉུལ་མཁན་དག་ལ་ངོ་སྤྲོད་འགྲེལ་བཤད་ཀྱང་ཅི་ནས་གནང་སྐྱོང་ཡོང་བར་ཞུ། གནད་དོན་གཞན་ཞིག་ལ་དེབ་བཀོད་བྱས་ཟིན་པའི་དཔྱ་ཁྲལ་ལག་དེབ་ཐོག་དོ་བདག་མེད་ཚེ་དེའི་ཚབ་འོས་བླུགས་མཁན་ཡོད་ཚོད་འདུག་པ་མ་ཟད། ཅོན་ཏ་ར་གཡས་གཡོན་དེ་ལྟར་གནང་འདུག དཔེར་ན་མི་གཅིག་གིས་མི་བཞི་དང་ལྔའི་ཚབ་བྱས་ནས་འོས་ཤོག་བླུགས་མཁན་བྱུང་འདུག་དེ་ལྟར་གནང་ཆོག་པ་དེ་འོས་བསྡུའི་སྒྲིག་གཞི་ཡིན་ནམ་ཡང་ན་ས་གནས་ཀྱི་འགྲོ་སྟངས་རེད། ཅི་སྟེ་དེ་ལྟར་ཆོག་ཚེ་མི་ཚང་གཅིག་གི་འོས་དེ་མི་གཅིག་གིས་བླུགས་ན་སྟབས་བདེ་བ་དང་། ད་དུང་དེ་ལས་ཡག་པ་ཞིག་ལ་དགོན་པ་གྲྭ་ཚང་དང་སློབ་གྲྭ་སོགས་ཀྱི་དཔྱ་ཁྲལ་ལག་དེབ་དེ་མཁན་པོ་དང་དགེ་ཆེ་གཉིས་ཀྱིས་བསྣམས་ཕེབས་ནས་འོས་བླུགས་ན་མི་མང་འཚང་ཀ་དང་མཛད་དཀའ་སོགས་གཏན་ནས་དགོས་དོན་མི་འདུག་དེ་ཐད་གསལ་པོ་ཞིག་ཆགས་ཚེ་དངོས་གཞི་ལ། ཁོ་བོ་ཡང་ལས་འགུལ་དེར་བཞུགས་འཆར་ཡོད། གོང་གི་གནས་ཚུལ་དེ་དག་བདེན་མིན་གྱི་ཐུགས་དྭོག་མཆིས་ཚེ་སྤུ་རུ་ཝ་ས་གཞི་ཆགས་ལས་ཁུངས་དང་སྦིར་ཅོན་ཏ་ར་འོས་བསྡུ་ལས་ཁུངས་བལ་ཡུལ་ས་གནས་འོས་བསྡུ་ལས་ཁུངས་བཅས་ལ་བཀའ་འདྲི་གནང་ན་འཐུས།