རྒྱ་ནག་གི་ལོ་ལྔའི་འཆར་འགོད་ལྷན་ཚོགས།
ཟླ་འདིའི་ཚེས་༡༤ ཉིན་“རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་སྦྲགས་ལམ་”ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པའོ་ཡིས་ཨ་རིའི་བརྙན་འཕྲིན་ CNN བརྒྱུད་ནས་བརྗོད་དོན། “སྨྲ་བརྗོད་རང་དབང་ནི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་གལ་འགངས་ཆེན་པོ་ཡིན་པ་དང། རྒྱལ་ཁབ་གང་ཞིག་ཡར་རྒྱས་དང་སྲ་བརྟན་ཡོང་བ་ལའང་སྨྲ་བརྗོད་རང་དབང་ནི་མེད་དུ་མི་རུང་ཡིན། རང་དབང་འདི་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པས། དཀའ་སྡུག་ག་འདྲ་ཞིག་འཕྲད་ནའང། ང་མ་ཤི་བར་རང་དབང་འདིའི་ཆེད་དུ་ལས་ཀ་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད། སྲིད་བློན་ཝིན་གྱིས་གསུང་བཤད་འདི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་སོགས་སུ། ལོ་འདིའི་ཟླ་བ་༨ ནས་ད་ལྟའི་བར་ཐེངས་བདུན་ཙམ་བཤད་མྱོང་ཡོད་པས། རྒྱ་ནག་ན་གཞོན་ཉིན་རེའི་ཚགས་པར་དང། པེ་ཅིང་གསར་འགྱུར། ཧྲང་ཧེ་སྦྲག་ལམ་སོགས་རྒྱ་ནག་གི་བརྒྱུད་ལམ་ཁག་ཆེ་ཤོས་ནང་། སྲིད་བློན་ཝིན་གྱི་དཔྱད་གླེང་དེ་བསྐྱར་འགོད་ཡང་འགོད་བྱས་ཏེ། དེང་སྐབས་རྒྱ་ནག་གི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད།
རྒྱ་ནག་གི་ལོ་ལྔའི་འཆར་འགོད་ཆེན་མོ་ཐེངས་༡༢ པ་དེ་འཚོག་ལ་ཉེ་བ་དང། འཆར་འགོད་ཀྱི་ལྷན་ཚོགས་དེ་ནི་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་བསྒྱུར་བཅོས་ཐད་ལ་གྲོས་མོལ་གྱིས། འབྱུང་འགྱུར་ལོ་༥ ནང་གི་ལས་དོན་མང་པོ་ཞིག་གཏན་འབེབས་བྱེད་རྒྱུ་ཡིན་པ་དང། ལྷན་ཚོགས་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐཱའོ་དང་སྲིད་བློན་ཝིན་ཅཱ་པའོ་སོགས། དམར་ཕྱོགས་ཚོགས་པའི་ཆེས་མཐོའི་དཔོན་རིགས་མང་ཆེ་བ་ཚོགས་བཅར་བྱེད་རྒྱུ་ཡིན་པ་དང། རྒྱ་ནག་གི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱེད་བཞིན་པའི་སྲིད་བློན་ཝོན་གྱི་དཔྱད་གླེང་ལ། དམར་ཕྱོགས་ཚོགས་པའི་དཔོན་རིགས་ཚོས། ལོ་༥ འཆར་འགོད་ལྷན་ཚོགས་མ་འཚོག་པའི་སྔོན་དུ་གྲོས་བསྡུར་དང་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ལྷན་ཚོགས་དེའི་ནང་རྒྱ་ནག་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེ་བའི་གསར་འགོད་པ་དང་རྩོམ་སྒྲིག་པ་རྣམས་མཉམ་ཞུགས་ཀྱིས། སྲིད་བློན་ཝིན་ཅཱ་པའོ་ཡིས་བཤད་མྱོང་བ་བཞིན་རྒྱ་ནག་གི་ཆབ་སྲིད་ལ་བསྒྱུར་བཅོས་གཏོང་དགོས་པའི་བསམ་འཆར་འདོན་རྒྱུ་ཡིན་འདུག
རྒྱ་ནག་དབུས་ཕྱི་དོན་རྩོམ་སྒྲིག་དང་ཡིག་སྒྱུར་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཡུའུ་ཀི་པིང་གིས། “རྒྱ་ནག་གཞུང་གིས་སྒྱུར་བཅོས་དེ་མང་གཙོ་དང་ཁྲིམས་ལུགས་གཞིར་བཞག་སྟེ་ལས་དོན་བསྒྲུབ་དགོས་པ་དང། དེ་ལྟར་བྱུང་ན་མང་གཙོའི་འོས་བསྡུ་དང། ཁྲིམས་ལུགས་གཏན་འབེབས་ཐུབ་ཀྱི་རེད། འདི་འདྲའི་རིགས་ཡོང་བ་ལ་མི་མང་ནས་གནས་ཚུལ་དང་བསམ་ཚུལ་ཡོང་འཇུག་དགོས་པ་དང། སེམས་ཚོར་ཡོད་མཁན་རྣམས་ལྷན་ཚོགས་སུ་འཛུལ་ཞུགས་བྱེད་བཅུག་ན། གཞི་ནས་དབུས་གཞུང་ཚད་ལྡན་ཆགས་ཀྱི་རེད་”ཅེས་བརྗོད་ཡོད་པ་རེད།
པེ་ཅིང་ཕྱི་རྒྱལ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་གསར་འགོད་ལས་རིགས་ཀྱི་སློབ་དཔོན་ཧྲང་ཆིན་གྱིས། “ལོ་ཕྱེད་ཙམ་གྱི་ནང་སྔོན་དང་མི་འདྲ་བ་གནས་སྟངས་གང་ཅིའི་ཐད་རེ་བ་ཆེན་པོ་ཆགས་ཀྱི་ཡོད་པ་དང། མི་མང་པོ་ཞིག་གིས་རྗེས་ལུས་ཅན་གྱི་ཆབ་སྲིད་ཀྱི་ཁོར་ཡུག་རིམ་གྱིས་ཡལ་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད་པས། ཆབ་སྲིད་བསྒྱུར་བཅོས་དེ་འཆར་འགོད་ལྷན་ཚོགས་སུ་གྲོས་བསྡུར་བྱེད་ཡུལ་གཙོ་གནད་ཆགས་དགོས་པ་དང། ང་ཚོ་ཡིད་ཆེས་མི་ཐུབ་པའི་ལོ་རྒྱུས་ཀྱི་འགྱུར་འགྲོས་ཤིག་ཆགས་སྲིད་པ་རེད་”ཅེས་གསུངས་ཡོད་པ་རེད།
ད་ལྟའི་སྐབས་རྒྱ་ནག་གི་ཆབ་སྲིད་བཙོན་པ་སྐུ་ཞབས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང། དེ་བཞིན་སྲིད་བློན་ཝིན་གྱིས་སྨྲ་བརྗོད་རང་དབང་གི་སྐོར་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་གཏམ་བཤད་མང་པོ་བྱས་ཡོད་པ་རྣམས། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བྱས་པ་སོགས་ཀྱིས། དེང་སྐབས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་དང། མི་མང་གི་གྲོས་ཚོགས། ཁྲིམས་ལུགས་དབང་སྒྱུར། སྤྱི་ཚོགས་བསྒྱུར་བཅོས་སོགས་ལ་བགྲོ་གླེང་དང་རེ་མོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག ལྷག་དོན་འཚོག་ལ་ཉེ་བའི་ལོ་ལྔའི་འཆར་འགོད་ལྷན་ཚོགས་ནི། དཔོན་རིགས་ལྷན་འཛོམས་དང་གནད་དོན་ཐག་གཅོད་ཀྱི་ལྷན་ཚོགས་ཆེན་པོ་ཞིག་ཡིན་པས། རྒྱ་ནག་མི་མང་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་སོགས་ཀྱིས། ཆབ་སྲིད་དང་དཔལ་འབྱོར་བསྒྱུར་བཅོས་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}