སྲིད་འཛིན་ཧུའུ་ཡི་རྗེས་འཛིན་པ་ཞི་ཅིན་ཕེང་ཆགས་རྒྱུ་རེད་ཟེར།

ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་CNN བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་དམར་ཕྱོགས་ཀྱི་དཔོན་རིགས་༣༠༠ ཙམ་ལྷན་ཚོགས་ཀྱིས། པེ་ཅིང་དུ་ཉིན་གྲངས་༤ རིང་འཆར་འགོད་ལྷན་ཚོགས་ཆེན་མོ་འཚོག་ལ་ཉེ་བ་དང། འདིའི་སྐབས་སུ་༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་སུ་བསྐོ་བཞག་བྱེད་མིན་ཐད་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག ཆབ་སྲིད་མི་སྣ་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེང་སྲིད་འཛིན་ཆགས་རྒྱུའི་ཐད་ལ་རེ་བ་བྱེད་བཞིན་ཡོད་ནའང། ཞི་ཅིན་ཕེང་རྒྱ་ནག་གི་སྲིད་འཛིན་ཆགས་མིན་ནི། ནུས་སྟོབས་ཤིན་ཏུ་ཆེ་བའི་རྒྱ་ནག་གི་བཅིངས་གྲོལ་དམག་མི་ས་ཡ་༢ ཙམ་ལ་སྟངས་འཛིན་བྱེད་མཁན། རྒྱ་ནག་དམག་གི་དབང་འཛིན་པ་གཞོན་པ་དེ་འདེམས་སྒྲུག་བྱེད་མིན་ལ་རག་ལས་ཀྱི་ཡོད་པ་རེད།

རྒྱ་ནག་དམག་དཔུང་གི་དབང་འཛིན་པ་ཆགས་རྒྱུ་ནི། སྲིད་འཛིན་གྱི་གོ་གནས་ཐོབ་པར་ཤིན་ཏུ་གལ་འགངས་ཆེན་པོ་ཆགས་ཡོད་ཅིང། ད་ལྟའི་སྲིད་འཛིན་ལས་ཐོག་པ་ཧུའུ་ཅིན་ཐཱའོ་ཡང་སྲིད་འཛིན་གྱི་གོ་གནས་མ་ཐོབ་པའི་སྔོན་དུ། དམག་གི་དབང་འཛིན་པའི་གོ་གནས་བཟུང་ཡོད་པ་དང། སྲིད་འཛིན་གྱི་གོ་གནས་ཐོབ་པར་དམག་དཔུང་གི་དབང་འཛིན་པའི་གོ་གནས་ཐོབ་དགོས་པ་དེ། རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོའི་ལམ་ལུགས་ལྟ་བུ་ཆགས་ཡོད་པས། གལ་སྲིད་ཞི་ཅིན་ཕེང་ལ་དམག་དཔུང་གི་དབང་འཛིན་གཞོན་པའི་གོ་གནས་མ་ཐོབ་ན། དམག་དཔུང་གི་ཐད་ལ་ཉམས་མྱོང་མེད་པས། ཐེངས་རྗེས་མའི་སྲིད་འཛིན་གྱི་གོ་གནས་ཐོབ་མིན་བརྗོད་དཀའ་བ་ཞིག་ཆགས་ཡོད་པ་རེད།།

{jcomments on}