རྩོམ་པ་པོ་ཞོགས་དུང་གློད་གྲོལ་བཏང་བ།
ཞོགས་དུང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། ཟླ་འདིའི་ཚེས་༡༤ ཕྱི་དྲོ་གློད་གྲོལ་བཏང་ཡོད་པ་ཁོང་གི་ཁྲིམས་རྩོད་པ་ལིའི་ཧྥང་ཕེན་གྱིས་བརྗོད་ཡོད་པ་མ་ཟད། ཁོང་གི་གཟུགས་པོའི་གནས་སྟངས་ཀྱང་བདེ་པོ་ཡིན་ཚུལ་བརྗོད་ཡོད་འདུག དེ་སྔོན་ཕྱི་ཟླ་༧ པའི་ཟླ་དཀྱིལ་དུ་ཁོང་ལྟ་ཞིབ་ཁང་དུ་མངགས་གཏོང་བྱ་རྒྱུ་ཡིན་ཚུལ་ཁྲིམས་རྩོད་པར་བརྗོད་ཡོད་ཀྱང་། གློ་བུར་དུ་གློད་གྲོལ་བཏང་བ་དེ་སྲིད་བྱུས་གྱི་འགྱུར་བ་ཞིག་ཡིན་སྐོར་བརྗོད་པ་ཙམ་ལས། ཁོང་གློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་གསལ་ཁ་མེད་པ་རེད།
དེ་སྔོན་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་བཙུགས་པ་ཙམ་ལས། དོན་དངོས་ཀྱི་ཉེས་པ་གང་ཡིན་འགྲེལ་བརྗོད་གང་ཡང་བྱས་མེད་པ་མ་ཟད། ད་ཐེངས་གློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་བརྗོད་མེད་པ་རེད། ཁོང་གློད་གྲོལ་བཏང་བའི་དོན་དག་འདིའི་ཐད་སྤྱི་ཚོགས་ནང་དུ་དོགས་པ་རྣམ་རྟོག་འདྲ་མིན་ཡོང་གི་ཡོད་ཅིང་། ཁག་ཅིག་གིས་གནས་ཚུལ་ལེགས་ཕྱོགས་སུ་ངོས་འཛིན་བྱེད་མཁན་ཡོད་ཀྱང་། ཕལ་ཆེ་བས་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུ་ཞིག་བཤམས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
{jcomments on}