༧གོང་ས་མཆོག་གིས་སློབ་མ་ཁག་གི་དྲི་བར་བཀའ་ལན་གནང་བ།
རིག་པས་དཔྱད་པ་བྱ་རྒྱུ་དེ་རིམ་པ་གཉིས་པ་ཡིན། དེ་ནས་གང་ཤེས་པའི་དོན་དེར་གོམས་འདྲིས་བྱ་རྒྱུ་དེ་རིམ་པ་གསུམ་པ་ཡིན་ཞེས། ༧གོང་ས་མཆོག་གིས་སློབ་མ་ཚོའི་དྲི་བ་བཀའ་ལན་གནང་ཡོད་པ་རེད།
ཟླ་འདིའི་༡༣ ཉིན་༧གོང་ས་མཆོག་གིས་ཨ་རིའི་ཁཱ་ལི་ཧྤོ་ནི་ཡའི་མངའ་སྡེའི་ནང་། ཁ་སི་ཏཱ་ནོ་སློབ་གྲྭའི་སློབ་མ་ ༣༠༠ ཙམ་ལ་མཇལ་ཁ་གནང་ནས་སློབ་མ་ཚོས་དྲི་བར་བཀའ་ལན་གནང་སྐབས། ༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་བྱུང་རབས་ལོ་རྒྱུས་དང་དེང་དུས་བོད་ཀྱི་གནས་སྟངས་གསལ་བཤད་མཛད་པ་དང་སྦྲགས། ༧གོང་ས་མཆོག་གིས། ཁོང་༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་ལས་དགུང་ལོ་གཉིས་ཙམ་ཆུང་སྐབས་ནས། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འགན་དབང་བཞེས་ཚུལ་དང། ཕྱི་ལོ་ ༡༩༥༢ ཙམ་ནས་བོད་ནང་བཅོས་བསྒྱུར་གཏོང་ཐབས་མཛད་སྐོར། དེ་བཞིན་ཕྱི་ལོ་ ༢༠༠༡ ནས་བཙན་བྱོལ་བོད་མི་རྣམས་ཀྱིས་འོས་བསྡུའི་ལམ་ནས་བཀའ་ཁྲི་འདེམས་བསྐོ་བྱེད་རྒྱུ་འགོ་བཙུགས་པ། ད་ཆ་ཁོང་ཕྱེད་རྒས་ཡོལ་གྱི་གནས་བབ་ཅིག་ཏུ་གྱུར་ཟིན་སྐོར་སོགས་བཀའ་བསྩལ་འདུག
གཞོན་སྐྱེས་ཚོས་༧གོང་ས་མཆོག་ལ་ཁོང་ཚོར་བཀའ་སློབ་ལམ་སྟོན་གང་ཡོད་ཞུས་པར། ༧གོང་ས་མཆོག་གིས། དུས་རབས་ ༢༠ དེ་འཛུགས་སྐྲུན་ཡར་རྒྱས་ཀྱི་དུས་རབས་ཤིག་ཡིན་ནའང་ཡར་རྒྱས་དེ་ཕྱི་དངོས་པོ་ཙམ་ཡིན་པ་དང། ད་ཆ་བྱམས་བརྩེ་དང་བརྩེ་སེམས་སོགས་ནང་བསམ་བློའི་གནས་སྟངས་ཡར་རྒྱས་གཏོང་དགོས་སྐོར་དང། དེ་བཞིན་ཀླད་པ་ཡར་རྒྱས་གཏོང་རྒྱུའི་ཤེས་ཡོན་དེ་གཅིག་པུས་འདང་གི་མེད་། ཞི་བདེ་ཟེར་བ་དེ་ནང་གི་བསམ་བློ་ནས་ཡོང་དགོས་པ་དང་། ནང་བསམ་བློའི་ཞི་བདེའི་ཐོག་ནས་སྤྱི་ཚོགས་ནང་འགྱུར་བ་གཏོང་ཐུབ་ཀྱི་ཡོད། མགོན་པོ་གང་ཉིད་དུས་རབས་ ༢༠ པའི་མི་ཞིག་ཡིན་པ་དང་། སློབ་ཕྲུག་ཚོ་དུས་རབས་ ༢༡ གི་མི་རབས་ཆགས་ཡོད་པར་བརྟེན། སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་རྒྱུའི་གོ་སྐབས་དང་འགན་དབང་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ཆོས་ལུགས་དང་མི་རིགས་དབྱེ་འབྱེད་ཐོག་༧གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་པར། ༧གོང་ས་མཆོག་གིས་ཁོང་བྱིས་པའི་གནས་སྐབས་ནས་རང་གི་ངོ་བོ་ཇི་ཡིན་ངོས་འཛིན་བྱེད་རྒྱུའི་བསམ་བློ་ཇི་འདྲ་ཡིན་མིན་དང། དེ་ནས་འཚར་ལོང་བྱུང་སྐབས་རང་ཉིད་ཀྱི་ངོ་བོ་གང་ཡིན་ངོས་འཛིན་ཚུལ་གྱི་བསམ་བློ་ཡར་རྒྱས་ཇི་འདྲ་སོང་མིན་སྐོར། བྱིས་པའི་སྐབས་གཞི་རྩའི་འགྲོ་བ་མི་ཞིག་ཡིན་པའི་ངོ་བོ་དེ་ཙམ་ངོས་འཛིན་ཐུབ་པ་ལས། ཆོས་ལུགས་གང་ཡིན་གྱི་ངོ་བོ་སོགས་ངོས་འཛིན་མཛད་མི་ཐུབ་པ་དང་། དེ་ནས་རིམ་པས་ནར་སོན་སྐབས་རང་ཉིད་ནང་པ་ཞིག་ཡིན་དགོངས་པ་དང་། ཏཱ་ལའི་བླ་མ་ཡིན་དགོངས་པ་དེ་གཉིས་ངོས་འཛིན་མཛད་རྒྱུའི་ཀུན་སློང་རྒྱུད་ལ་བྱུང་ཚུལ་སོགས། གནས་སྐབས་སོ་སོར་བསམ་བློའི་གོ་རྟོགས་མི་འདྲ་བ་ཡོང་གི་ཡོད་སྐོར། ཆོས་ལུགས་དང་མི་རིགས་སོགས་རིམ་པ་གཉིས་པའི་ངོ་བོ་དེ་དག་ངོས་འཛིན་གྱི་བསམ་བློ་དེ་ཞེན་ཆགས་ཆེ་དྲགས་པར་བརྟེན། སྤྱི་ཚོགས་ནང་དཀའ་ངལ་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
འཛམ་གླིང་ཞི་བདེ་ཟེར་བ་ཞིག་ཡོང་སྲིད་མིན་གྱི་དྲི་བ་ཕུལ་བར། ༧གོང་ས་མཆོག་གིས། གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་ཞི་འཇམ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་བྱམས་བརྩེ་གལ་ཆེན་པོ་ཡིན་པ་དེ་དངོས་གསལ་ཡིན་པས། སྐུ་ཚེ་ཧྲིལ་པོར་བྱམས་བརྩེ་གོང་སྤེལ་གཏོང་ཐབས་མཛད་སྐོར་བཀའ་ལན་བསྩལ་ཡོད་པ་རེད།
སེམས་སྡུག་ལས་གྲོལ་ཐབས་གང་ཡིན་གྱི་དྲི་བའི་ལན་དུ། ༧གོང་ས་མཆོག་གིས། ཕྱོགས་ཡོངས་ཀྱི་གནས་སྟངས་ཤེས་པའི་ཐོག་བསམ་བློ་གུ་ཡངས་པོ་གཏོང་དགོས་སྐོར་དང་། གནས་སྟངས་ཚང་མ་མི་མཐུན་པ་ཞིག་མིན་པ་དང། མི་སྡུག་པའི་གནས་ཚུལ་གཅིག་ལ་ལྟ་ཕྱོགས་གཞན་ནས་ལྟ་སྐབས། མཚམས་རེ་མཐུན་ཕྱོགས་ཀྱི་གནས་སྟངས་ཤིག་མཐོང་རྒྱུ་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
འདས་ཟིན་པའི་༧གོང་ས་མཆོག་གི་སྐུ་ཚེར་ཕྱིར་གཟིགས་མཛད་ན་ཕྱག་ལས་གང་དང་གང་གནང་ཡོད་མེད་ཀྱི་སྐོར་ལ་དྲི་བ་ཕུལ་བའི་ལན་དུ། མགོན་པོ་གང་ཉིད་དགུང་གྲངས་ ༡༡ དང་ ༡༥ ཡིན་དུས་སུ་ཆབ་སྲིད་ཀྱི་ཐུགས་འགན་གང་ཡང་མེད་སྐོར་དང། བོད་དུ་རྒྱ་མི་སླེབ་རྒྱུ་ཡིན་པ་དང། སྐབས་དེར་༧གོང་ས་མཆོག་ལ་དུས་ཚོད་བཟང་པོ་ཡོད་ནའང་ལྷོད་གཡེང་དབང་གིས་སློབ་སྦྱོང་ལ་ཤུགས་དེ་ཙམ་བསྐྱོན་ཐུབ་མེད་ཚུལ། ད་ཆ་ཕྱིན་ཟིན་པའི་དུས་ཚོད་བཟང་པོ་དེ་སླར་ཐོབ་རྒྱུ་མེད་སྐོར། སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་གལ་ཆེ་ཡིན་པ་ཤེས་པའི་ཐོག ད་ལྟ་སློབ་སྦྱོང་བྱ་རྒྱུའི་དུས་སྐབས་བཟང་ཤོས་ཡིན་པ་ཤེས་དགོས་པ་དང། རྩེད་མོ་དེ་ལུས་པོའི་འཕྲོད་བསྟེན་ཆེད་ཡག་པོ་ཡིན་ནའང་སློབ་སྦྱོང་ཐོག་ཧུར་བརྩོན་དགོས་པ་དེ་བས་གལ་ཆེ་བ་ཡིན་སྐོར། སློབ་སྦྱོང་བྱེད་ཚུལ་དེར་རིམ་པ་གསུམ་ཡོད་པ་དང། དང་པོ་དེ་དགེ་རྒན་ལས་ཐོས་རྒྱུ་དང་རང་གིས་བཀླག་རྒྱུ་དེ་ཡིན། སྐབས་འདིར་རང་གི་དགེ་རྒན་ལས་གང་ཐོས་པ་དང་དཔེ་དེབ་ནས་གང་མཐོང་བ་དེ་དག་ལ། སློབ་མ་རང་གིས་རིག་པས་དཔྱད་པ་བྱ་མི་ཐུབ་པས་སློབ་སྦྱོང་ཚད་ལྡན་ཞིག་ཆགས་མེད་པ་དང། དེ་རྗེས་རིམ་པ་དང་པོའི་སྐབས་གང་མཐོང་བ་དང་ཐོས་པ་དེ་དག་ལ། རིག་པས་དཔྱད་པ་བྱ་རྒྱུ་དེ་རིམ་པ་གཉིས་པ་ཡིན། དེ་ནས་གང་ཤེས་པའི་དོན་དེར་གོམས་འདྲིས་བྱ་རྒྱུ་དེ་རིམ་པ་གསུམ་པ་ཡིན་ཞེས་བཀའ་ལན་གནང་ཡོད་པ་རེད།
༸གོང་ས་མཆོག་རབ་བྱུང་ཞིག་ཡིན་པའི་ཆ་ནས་ཐུགས་སྤྲོ་ཤོས་ཡོང་རྒྱུའི་གནད་དོན་གང་ཡིན་ཞེས་པའི་དྲི་བའི་ལན་དུ། རབ་བྱུང་གི་མི་ཚེ་ནི་རང་གི་ནང་མིའི་ཐོག་སེམས་ཁྲལ་གང་ཡང་བྱེད་དགོས་ཀྱི་མེད། དེར་བརྟེན་དོན་དང་བྱ་བ་ཉུང་བའི་མི་ཚེ་སྟབས་བདེ་ཞིག་ཡིན་པས་རབ་བྱུང་ཚོར་དུས་ཚོད་བཟང་པོ་ཡོད། འོན་ཀྱང་ལྟ་ཚུལ་དེ་རབ་བྱུང་བ་ཞིག་གི་ལྟ་ཚུལ་ཡིན་པས་མི་གཞན་ནས་ལྟ་ཚུལ་གཞན་ཡང་ཡོད་སྲིད་ཅེས་སོགས་ཀྱི་བཀའ་ལན་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།