རྩོམ་པ་པོ་སྟག་སྨྲིག་གློད་གྲོལ་བཏང་འདུག
ཟླ་འདིའི་ཚེས་༡༨ ཉིན་སྐལ་བཟང་དམ་ཆོས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་གར་ཡོད་ཆ་མེད་དུ་གྱུར་ཏེ་ཟླ་གཉིས་ཙམ་སོང་མཚམས་ཏེ་ཕྱི་ཟླ་༩ ཚེས་༢༦ ཉིན་སྒྱིས་ཚང་སྡེ་བའི་གཞོན་སྐྱེས་གཙོས་གྲོང་མི་བཞི་བཅུ་ལྷག་རྨད་ཤེས་ཤང་སྲིད་གཞུང་དུ་ཕྱིན་ཏེ། སྐལ་བཟང་ཚུལ་ཁྲིམས་གར་ཡོད་ཤེས་འདོད་ཡོད་སྐོར་གྱི་རེ་འདུན་བཏོན་ཡོད་པ་དང། ཁོང་ཚོས་སྐལ་བཟང་ཚུལ་ཁྲིམས་ལགས་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཤིག་ཡིན་པས་ཆ་ནས་ང་ཚོར་གར་ཡོད་རྩད་གཅོད་བྱེད་པའི་ཐོབ་ཐང་ཡོད་སྐོར་དང། དེ་ལུགས་སྲིད་གཞུང་ནས་ཀྱང་ལན་ཡག་པོ་ཞིག་གནང་རོགས། གལ་སྲིད་ཁོང་གར་ཡོད་ཤེས་ན་ཁོང་ལ་ཉལ་ཆས་དང་ཟ་འཐུང་རེ་སྐྱེལ་འདོད་ཡིན། ང་ཚོའི་ངོས་ནས་ད་ལྟ་སྐད་ཆ་ཡག་པོ་བཤད་ནས་ཞུ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
དེ་ནས་ཤང་སྲིད་གཞུང་གིས་དེ་མ་ཐག་ཁོང་ཚོར་ཁྱེད་ཚོ་ད་ལྟ་རང་རང་སར་ལོག་དང་ང་ཚོས་གང་མགྱོགས་གོང་རིམ་ལ་ཡར་ཞུ་བྱས་ནས་གར་ཡོད་རྩད་གཅོད་བྱེད་ངེས་ཡིན། ཁྱེད་ཚོ་ཡང་བསྐྱར་འདི་ལྟར་མ་ཡོང། གལ་སྲིད་ཡོང་ན་ཡག་པོ་མེད་སྐོར་བཤད་འདུག དེ་རྗེས་ཕྱི་ཟླ་༡༠ ཚེས་༡༥ ཉིན་གློ་བུར་དུ་ཁོང་གློད་གྲོལ་བཏང་འདུག་ཅིང་། དེ་ཡང་ཁོང་གློད་གྲོལ་བཏང་བ་དེ་ཟླ་དྲུག་གི་རིང་ལྟ་རྟོག་འོག་ལ་ཚོད་ལྟ་བྱེད་རྒྱུ་དང་། ད་ནས་བཟུང་ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་པ་དང་། ཁ་པར་གྱི་ཨང་གྲངས་བརྗེ་མི་ཆོག་པ། ཆབ་སྲིད་དང་འབྲེལ་བའི་ལས་དོན་སོགས་ཀྱི་འགོ་ཁྲིད་དང་མཉམ་ཞུགས་བྱེད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཡང་བཏོན་ཡོད་འདུག
དང་ཐོག་ཁོང་འཛིན་བཟུང་བྱས་མ་ཐག་ལན་ཀྲུའུ་ཉེ་འཁྲིས་ཀྱི་བཀག་སྐྱིལ་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། དེ་རྗེས་བ་ཚེ་དང་གཙོད་ས་གནས་སོགས་ཀྱི་གཙོན་ཁང་ནང་བརྗེ་སྤོར་གྱིས་རྡུང་རྡེག་དང་འདྲི་གཅོད་བྱས་ཡོད་འདུག །
སྟག་སྨིག་གམ་སྐལ་བཟང་ཚུལ་ཁྲིམས་ལགས་འཛིན་བཟུང་བྱེད་དགོས་དོན་ནི། ཁོང་གིས་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར་ཞིག་བཀྲམ་པར་བརྟེན། རྒྱ་ནག་གཞུང་གིས་ཆ་སྲིད་ཀྱི་ཉེས་མང་འོག་འཛིན་བཟུང་བྱས་པ་ཞིག་རེད། འོད་སྡེར་དེ་ས་གནས་གང་སར་བཀྲམ་པ་དང་། ཕྱི་རྒྱལ་ཁག་ཏུ་ཡང་ཁྱབ་བསྒྲགས་ཤུགས་ཆེན་སོང་ཡོད་པ་རེད།།