རང་བཙན་དང་དབུ་མའི་ལམ་བར་གྱི་འགལ་ཟླ་ཞིག་མིན།
དམ་ཆོས་དཔལ་བཟང་ལགས་ཀྱིས་༼གཉིས་སྨན་དབུ་མའི་ལམ་གྱི་དགོས་དམིགས་དང་། གཞིས་བྱེས་རྒྱ་ཆེའི་མི་མང་གི་མངོན་འདོད་༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་རང་ལ་མཚོན་ན། དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ནའང་རང་བཙན་སླར་གསོ་བྱེད་མཁན་ལ་སྔར་དགག་པ་རྒྱག་མྱོང་མེད་ལ། ཕྱིན་ཆད་ཀྱང་དགག་མི་སྲིད། ཅེས་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་ཀ་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་སྐོར་ངོ་སྤྲོད་བྱས་པ་སྦྲགས། ཁོང་གིས་དབུ་མའི་ལམ་དང་རང་བཙན་བར་གྱི་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་ཡོད་སྐོར་བརྗོད་དོན། དང་པོ། དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལྟ་ཚུལ་ཐུན་མོང་བ་ནི། ལོ་རྒྱུས་ཐོག་བོད་འདི་རྒྱ་དང་སོག་པོ། མན་ཇུ། གོ་མིན་ཏང་དང་གུང་ཁྲན་ཏང་གང་གི་ཆ་ཤས་མིན་པ་དེ་རེད། གཉིས་པ། འཚེ་བ་མེད་པའི་ལམ་ནས་རྩ་དོན་འཐབ་རྩོད་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། གསུམ་པ། དབུ་མའི་ལམ་རྩོད་མཁན་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་བྱ་རྒྱུ་དེ་ཡིན་ཞིང་། རང་བཙན་རྩོད་མཁན་ཚོས་བོད་རྒྱ་ནག་ལས་ཁ་བྲལ་ཏེ་ཇི་སྲིད་བར་རང་བཙན་གཙང་མའི་ངོ་བོར་སྡོད་རྒྱུ་དང་། ལོ་རྒྱུས་ཐོག་གི་བོད་ཕྱི་ནང་སྣོད་བཅུད་དང་བཅས་པར་རང་བདག་བྱ་རྒྱུ་དེ་རེད། ཅེས་གསུངས་སོང་།
དེའི་རྗེས་དོན་གྲུབ་ལྷ་དར་ལགས་ཀྱིས་༼བོད་རང་བཙན་རྩོད་ལེན་པས་གཉིས་སྨན་དབུ་མའི་ལམ་ལ་ལྟ་ཚུལ་༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བར་ལམ་ཞིག་ནས་དབུ་མའི་ལམ་དང་རང་བཙན་བར་འགལ་ཟླའི་གླེང་སློང་ཞིག་ཡོང་གི་ཡོད། དབུ་མའི་ལམ་དང་རང་བཙན་གཉིས་བར་རྩ་དོན་གྱི་དམིགས་ཚད་ལ་ཁྱད་པར་ཆེན་པོ་ཡོད་པ་ཁས་ལེན་དགོས་ལ། ལངས་ཕྱོགས་འདི་གཉིས་བར་ཐུན་མོང་གི་དམིགས་ཡུལ་དང་ཐུན་མོང་གི་དགོས་ཕན་ཡོད་པ་ཡང་ཁས་ལེན་དགོས། ལྷག་བསམ་རྣམ་དག་གིས་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་ཞིག་ཡིན་ན། ༧གོང་ས་མཆོག་དང་བོད་གཞུང་ལ་གུས་བཀུར་ཡིད་ཆེས་གཅིག་གྱུར་ཡིན། དེ་ལ་ཁྱད་པར་དང་མཐོ་དམན་ཡོད་པ་མ་རེད། དེ་བཞིན། བོད་ནང་གི་ཁོར་ཡུག་དང་རིག་གཞུང་། མི་རིགས་ཀྱི་གནས་བབ་ཛ་དྲག་ལས་སྐྱོབ་རྒྱུ་བཅས་དང། རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་གཉིས་ཀར་ཐུན་མོང་གི་སྟོབས་ཤུགས་གསུམ་ཡོད། དང་པོ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ། གཉིས་པ། ༧གོང་ས་མཆོག་གི་དབུ་ཁྲིད། གསུམ་པ། ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བཅས་རེད་ཅེས་དང་། བར་ལམ་ཞིག་ནས་བོད་པའི་འཐབ་རྩོད་དེ་ལམ་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་ཡིན་པ་ལྟ་བུ་གསུང་མཁན་ཡོང་གི་ཡོད་པ་དེ་ནོར་འཁྲུལ་ཡིན་སྐོར་དང་། དབུ་མའི་ལམ་ལ་ཁ་གཏད་གཅོག་གི་མེད་པར། དགྲ་བོ་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་ལ། སུ་ཞིག་གི་ཆེད་དུ་ཡིན་ཟེར་ན་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་ཡིན། འདི་ལ་བདེན་དཔུང་གང་ཡོད་ཟེར་ན། ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ཉི་མ་དེ་རིང་བར་ལངས་ཕྱོགས་རང་བཙན་ཡིན། སྐབས་དེ་དུས་འཛམ་གླིང་ཐོག་ལམ་དབུ་མ་སྐྱེ་རྒྱུ་རེད། བོད་གཞུང་མང་གཉིས་ཀྱི་ལངས་ཕྱོགས་རང་བཙན་རེད། ཅེས་གསུངས་སོང་།
ཁོས་མུ་མཐུད་དུ་གསུང་དོན། དབུ་མའི་ལམ་ལ་དང་ལེན་མ་བྱས་པ་ཙམ་གྱིས་༧གོང་ས་མཆོག་གི་དགོངས་གཞི་ཡོངས་རྫོགས་དང་འགལ་གྱི་མེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་ཡིན་རུང་། སྤྱི་ཡོངས་ཀྱི་ལམ་སྟོན་དང་དགོངས་གཞི་དེ་མང་གཙོ་ཡང་དག་པའི་ལམ་སྲོལ་ལ་བརྟེན་ཏེ། བོད་པ་མི་རེ་ངོ་རེ་ཡིས་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་འཐབ་རྩོད་ལ་འགན་ཁུར་རྒྱུ་དེ་རེད། དགོངས་གཞི་དེའི་འོག་དབུ་མ་དང་རང་བཙན། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་གང་ཞིག་བརྩད་ཀྱང་ཆོག་གི་རེད། རང་བཙན་རྩོད་པ་དེ་དབུ་མའི་ལམ་གྱི་ཆེད་མིན་ཡང་། རང་བཙན་འཐབ་རྩོད་བྱས་ན་དབུ་མའི་ལམ་ལ་ཕན་གྱི་རེད་མ་གཏོགས་གནོད་གི་མ་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་༼གཉིས་བྱེས་གཉིས་སུ་བོད་མིའི་གཅིག་སྒྲིལ་ལ་བལྟས་པའི་མྱོང་ཚོར་༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། དབུ་མའི་ལམ་དང་རང་བཙན་གཉིས་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཁ་ཁ་ཡིན་ཡང་། འཐབ་རྩོད་ཀྱི་ཁ་གཏད་ས་རྒྱ་ནག་དང་། དམིགས་ཡུལ་མཐར་ཐུག་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ཆེད་རེད། རང་བཙན་རྩོད་མཁན་ཡིན་ན། རང་བཙན་གྱི་ལྟ་བ་ལངས་ཕྱོགས་དང་། དགོས་པ་དམིགས་ཡུལ་ཆ་ཚང་ལ་ངེས་པ་བརྙེད་དགོས་ལ། དེ་བཞིན། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ནའང་། དབུ་མའི་ལམ་གྱི་འདས་པའི་བྱུང་རིམ་དང་། མ་འོངས་པའི་དམིགས་ཡུལ་ཆ་ཚང་རྟོགས་དགོས། འདི་ལྟར་ཕྱིན་པ་ཡིན་ན། ལངས་ཕྱོགས་འདི་གཉིས་བར་འགལ་བ་གང་ཡང་ཡོང་གི་མ་རེད་ལ། རྩ་དོན་འཐབ་རྩོད་ཐོག་ནུས་པ་ཤུགས་ཆེན་ཐོན་གྱི་རེད། བོད་ནང་ལ་མཚོན་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཡོད་པ་མ་རེད་ལ། རང་བཙན་དབུ་མའི་ལམ་གྱི་རྩོད་གླེང་ཡང་ཡོད་པ་མ་རེད། བོད་ཡུལ་མདོ་དབུས་ཁམས་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་རེད། རྒྱག་གཅིག་མཆོང་གཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་དང་། ༧གོང་ས་མཆོག་བོད་དུ་ཕེབས་རྒྱུ་དེ་རེད། ཅེས་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་ཡང་རྒྱ་སྡོད་བཟོད་མི་བདེ་བར་བོད་དོད་ཆེད་སྐད་བ་བཤད་ཀྱི་ཡིན་ཞེས་བརྗོད་ཐབས་ཤིག་བཟོ་དགོས་པ་ལས། བསྒུག་བསྡད་ནས་གང་ཡང་ཡོང་རྒྱུ་མེད་སྐོར་གསུངས་སོང་།