གསེར་གྱི་གཟེངས་རྟཌ་འབུལ་བཞེས་ཀྱི་དུས་དྲན།

དེ་ཡང་ཚོགས་ཐོག་ཏུ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས་དང་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས། གྲྭ་ཚང་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམས་དང་དེ་བཞིན་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་ཕོ་མོ་མཉམས་འཛོམས་ཀྱིས་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་གདན་འདྲེན་ཞུས་ནས་མཎྜལ་འདེགས་འབུལ་དང་བསང་གསོལ་དར་ལྕོག་བསྒྲེངས་འཛུགས་ཞུས་སོང་།

དེར་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། ༧གོང་ས་མཆོག་ལ་འཛམ་གླིང་གིས་ཆེས་མཐོའི་གཟེངས་རྟགས་གང་མང་ཞིག་ཕུལ་དང་འབུལ་བཞིན་ཡོད་པ་དེའི་རྒྱུ་མཚན་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སྣེ་ཁྲིད་གནང་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་པས་དེ་ལྟར་འབུལ་བཞེས་གནང་གི་ཡོད་པ་རེད། ང་ཚོས་ཀྱང་དུས་དྲན་སྲུང་བརྩི་ཙམ་མིན་པར་༧གོང་ས་མཆོག་གི་བཀའ་གསུང་གང་ཐུབ་ཅི་ནུས་ཀྱིས་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས་པ་རེད་མ་གཏོགས། ང་ཕྱོགས་དང་ཁྱོད་ཕྱོགས་བཟུང་ནས་ཕྱོགས་རིས་འཐེན་འཁྱེར་ནང་ཁུལ་དཀྲུག་ཤིང་གི་ལས་ཀ་རྐྱང་རྐྱང་ལས་བསྡད་པ་ཡིན་ན་དེ་རིང་འདིར་འདུས་ནས་དུས་དྲན་སྲུང་བརྩི་དང་བསང་གསོལ་བྱས་པ་ཙམ་གྱིས་༧གོང་ས་མཆོག་གི་ཐུགས་རེ་འགྲུབ་ཀྱི་མེད་པ་གསལ་བོ་རེད། དེེར་བརྟེན་ང་ཚོ་རང་གཞན་ཚང་མས་༧གོང་ས་མཆོག་གིས་ཐུགས་འདུན་དང་མཐུན་པའི་ཡ་རབ་བཟང་སྤྱོད་ཀྱི་ལས་ལ་འབད་དགོས་པ་རེད་ཅེས་གསུངས་སོང་།

དེ་བཞིན་དགའ་ཤར་མཁན་རིན་པོ་ཆེས་ལམ་སྟོན་བཀའ་སློབ་གནང་དོན། ༧གོང་ས་མཆོག་གིས་རྒྱུན་དུ་དམིགས་ཡུལ་ཆེན་པོ་གསུམ་ཡོད་ཅེས་གསུང་གི་ཡོད་པ་རེད། དམིགས་ཡུལ་དང་པོ་འགྲོ་བ་མིའི་ཡ་རབ་སྤྱོད་བཟང་དེ་གོང་མཐོར་གཏོང་རྒྱུ་དང། གཉིས་པ་འཛམ་གླིང་ཐོག་ཆོས་ལུགས་མང་པོ་ཡོད་པ་རེད། དེ་དག་ཕན་ཚུན་གུས་བརྩི་དང་མཐུན་འབྲེལ་ཡོང་དགོས་པ་དང་ལྷག་པར་ང་ཚོ་ནང་པའི་ཆོས་བརྒྱུད་དེ་ཚོ་དམ་ཚིག་གཙང་མའི་གུས་བརྩི་ཆེན་པོ་བྱེད་རྒྱུ་དེ་༧གོང་ས་མཆོག་གིས་ཐུགས་འདུན་ཡིན་སྐོར་དང་། གསུམ་པ་ང་བོད་པ་ཞིག་རེད། ལྷག་པར་ང་བོད་པའི་དབུ་ཁྲིད་ཡིན་པས་བོད་པའི་རྩ་དོན་སྒྲུབ་རྒྱུ་དེ་ཡིན་ཞེས་གསུང་གི་ཡོད་པ་རེད། དམིགས་ཡུལ་དེ་གསུམ་གྱི་ཐོག་ང་ཚོ་ཚང་མའི་ཁ་ཙམ་མིན་པར་ཅི་ནུས་གང་ནུས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པ་ཡིན་ན་༧གོང་ས་མཆོག་གིས་ཐུགས་འདུན་ངོ་མ་དེ་འགྲུབ་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

དེ་བཞིན་ཉིན་འདིར་མོན་གྷོ་གཞིས་ལས་ཁང་དང་གཏན་སློབ་ཀྱི་ལས་བྱེད་རྣམ་པ་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་རུ་ཁག་གཉིས་སུ་བགོས་ནས་རྐང་རྩེད་སྤོ་ལོ་འགྲན་སྡུར་ཞིག་ཀྱང་བྱས་ཡོད་པ་རེད། གཞན་ཡང་༧གོང་ས་མཆོག་ལ་ཨ་རིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་དཔལ་ལྡན་འབྲས་སྤུངས་བློ་གླིང་སློབ་གྲྭ་དང་སྒོ་མང་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་ཚོས་རྩོམ་ཡིག་འགྲན་སྡུར་ཞིག་བྱས་ཡོད་པ་དང་། ཉིན་འདིར་དེའི་ནང་ནས་ཨང་རིམ་རྩེར་སོན་རྣམས་ལ་གཟེངས་བསྟོད་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཀྱང་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འཚོགས་ཡོད་རེད། །
མོན་གྷོ་གསར་འགོད་པས།