དབུས་འོས་བསྡུ་ལྷན་ཁང་གིས་ངེས་པར་དུ་གསལ་བཤད་དགོས།
ངས་བལྟས་ན་དབུས་འོས་བསྡུ་ལྷན་ཁང་གིས་རིང་མིན་སྔོན་འགྲོའི་འོས་བསྡུ་གསལ་སྒྲག་གི་སྐབས་སུ་ངེས་པར་དུ་གསལ་པོ་བྱེད་དགོས་པའི་གནད་དོན་གཙོ་བོ་དེ་ནི། རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཡོད་པའི་བོད་མིའི་གནས་གཞི་ཆེ་ཆུང་བསྡོམས་པའི་གྲངས་འབོར་ལྔ་བཅུ་ང་བཞི་ཙམ་ཡོད་པ་དེ་དང། ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མའི་གནས་བསྡོད་སོ་སོ་ནས་བཀའ་ཁྲི་འོས་མི་སུ་དང་སུ་ལ་འོས་ཤོག་འཕངས་ཡོད་པའི་གྲངས་ཀ་སོར་སོར་བྱས་ནས་བཀོད་དགོས།
མ་ཟད་ས་གནས་སོར་སོར་ནས་བཀའ་ཁྲི་དེ་དང་དེའི་ཤོག་རྩིས་མེད་ཇི་སོང་གྱི་གྲངས་ཀ་ཡང་སོར་སོར་བྱས་ནས་བཀོད་དགོས། དེ་དང་མཉམ་དུ་ས་གནས་དེ་ལ་བཀའ་ཁྲི་དེའི་འོས་ཤོག་གྲངས་ཀ་འདི་འདྲ་ཞིག་རྩིས་མེད་འགྲོ་འདུག་པས་དེ་ལྟར་འགྲོ་དགོས་རྒྱུ་མཚན་འདི་འདྲ་ཞིག་རེད་ཅེས་གསལ་བཤད་ངེས་པར་དུ་བྱེད་ཐུབ་དགོས། གང་ཡིན་ཞེ་ན། དེང་སང་གོ་ཚོད་ལྟར་བྱས་ན་བཀའ་ཁྲིའི་འོས་ཤོག་གི་རེའུ་མིག་ཆ་ཚང་མ་བསྐངས་བའི་རྒྱུ་མཚན་རྒྱུ་གྱིས་འོས་ཤོག་རྩིས་དུ་སོང་འདུག་ཅེས་ཡང་བཤད་བཞིན་པར་བརྟེན། དེ་ལྟར་བུའི་གསལ་བཤད་གསལ་བཤད་ཅིག་བྱུང་ན། ས་གནས་སོར་སོར་ནས་འོས་བླུགས་མཁན་དག་གིས་རང་སོ་སོའི་འོས་ཤོག་རྩིས་མེད་ཇི་སོང་གསལ་རྟོགས་ཐུབ་ངེས་ཙམ་དུ་མ་ཟད། འོས་ཤོག་རྩིས་མེད་འགྲོ་སྟངས་དེ་ཚུལ་དང་མཐུན་པ་ཞིག་གམ། ཡང་ན་འོས་བསྡུའི་སྒྲིག་གཞི་དང་མཐུན་པ་བྱུང་ཡོད་མེད་ཀྱི་ཐད་དུ་དོགས་པ་རྣམ་རྟོག་གཙང་སེལ་ཡོང་གི་རེད། དེ་ནི་མིང་རྒྱབ་འཁུར་གྱི་མི་སྣ་དག་གིས་འགན་ལེན་གྱིས་མང་ཚོགས་སུ་གསལ་རྟོག་ཡོང་ཐབས་ལ་འབད་འབུངས་བྱེད་དགོས་ཀྱི་རེད། དེ་ལས་གཞན་ང་ལྟར་བུའི་མི་ཞིག་གིས་བསམ་ཚུལ་དང། སྐད་འབོད་ག་ཚོད་བྱས་ཀྱང་འབྲོག་སྟོང་ནང་གི་སྐད་འབོད་བཞིན་དུ་འགྱུར་རྒྱུའི་གདོན་མི་ཟའོ།།