དམིགས་བསལ་འབྲེལ་མཐུད་པ་དང་༧གོང་ས་མཆོག་མཇལ་འཕྲད།
ཟླ་འདིའི་ཚེས་༡༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མཱ་རི་ཡ་ཨོ་ཏེ་རོ་མཆོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས་ཆེད་མངགས་༧གོང་ས་མཆོག་མཇལ་བཅར་དུ་ཡོང་ཡོད་པ་དང། ཁོང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་དང་ལྷན་དུ། ཞི་བའི་ཐོག་ནས་སེལ་ཐབས་ཡོང་རྒྱུར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་གསུངས་པ་དང། གནད་དོན་དེ་དང་འབྲེལ་ནས་ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་འགྲེལ་བརྗོད་གནང་དོན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་དང་། ༧གོང་ས་མཆོག་གི་མཇལ་འཕྲད་དེ་ཕྱོགས་གཉིས་ཀས་མོས་མཐུན་ཡོད་པའི་གནད་དོན་ཐོག་བགྲོ་གླེང་ཞུ་ཆེད་སྒེར་གྱི་མཇལ་འཕྲད་གནང་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། མཇལ་འཕྲད་དེ་དང་འབྲེལ་བའི་སྐོར་གསུང་དོན། ༧གོང་ས་ མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ། འཚེ་བ་མེད་པའི་ལམ་ལ་རྟེན་པའི་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད། བོད་མི་ཚོར་ཐོབ་ཐང་ཡོང་ཐབས་ལ་འབད་བརྩོན་མཛད་བཞིན་ཡོད་སྐོར་དང། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱ་རི་ཡ་ཨོ་ཏེ་རོ་མཆོག་ལ་ནན་བརྗོད་བྱས་ཡོད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཁོང་གིས། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་༸གོང་ས་མཆོག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར། ༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}