བོད་རྒྱལ་ཁབ་དང་བོད་མི་རིགས་ལ་འགྱོད་བཤགས་དགོས།
ཟླ་འདིའི་ཚེས་༡༩ དགོང་དྲོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒོལ་གཏམ་སྤེལ་བའི་བགྲོ་གླེང་ཞེས་པ་ཞིག་མེག་གྷན་གཞོན་ནུའི་མགྲོན་ཁང་གི་ཡངས་སྟེང་ཚོགས་ཁང་དུ་འཚོགས་ཡོད་པ་དང་། བགྲོ་གླེང་ཐོག་དབུས་གཙང་སྤྱི་འཐུས་ལས་ཐོག་པ་ཀརྨ་ཆོས་འཕེལ་ལགས་དང་། མདོ་སྨད་སྤྱི་འཐུས་ལས་ཐོག་པ་བསྟན་འཛིན་མགོན་པོ་ལགས། མདོ་སྟོད་སྤྱི་འཐུས་ལས་ཐོག་པ་གསེར་རྟ་ཚུལ་ཁྲིམས་ལགས་བཅས་ཆོལ་ཁ་གསུམ་གྱི་འཐུས་མིའི་ཆ་ཤས་མཚོན་པར་བྱས་ཡོད་པ་རེད།
ཐོག་མར་དབུས་གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་ཆེན་མོ་ཟེར་བར་གཞོན་ལྷན་གྱི་ངོ་རྒོལ་བསྒྲགས་གཏམ་སྒྲོག་སྦྱངས་བྱས་དོན། དེ་རིང་རྒྱ་ནག་གིས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་༦༠ འཁོར་བ་ཟེར་བའི་དུས་སྟོན་བྱེད་པ་ནི། ཕ་བསད་ཀྱི་མགོ་ལ་རྒྱལ་རྔ་བརྡུང་བའི་དཔེ་བཞིན། ང་ཚོ་བོད་མི་རིགས་ལ་ཧ་ཅང་བརྙས་བཅོས་དང་མཐོང་ཆུང་གི་བྱ་སྤྱོད་ཅིག་ཆགས་ཡོད། ཉིན་མོ་འདི་ནི་རྒྱ་ནག་དང་རྒྱ་མི་རིགས་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་འགྱོད་བཤགས་དགོས་པའི་ཉིན་མོ་ཞིག་ལས། ངོ་སོ་འདོན་པའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཞིག་མིན་ལ། དེ་བས་ཀྱང་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་མཚོན་ན། ཉིན་མོ་འདི་ནི་ང་ཚོའི་རྒྱལ་གཅེས་སྤུན་ཟླ་སྟོང་ཕྲག་དུ་མའི་ཚེ་སྲོག་དགྲ་ལག་ཏུ་ཤོར་བའི་མྱ་ངན་གྱི་ཉིན་མོ་ཞིག་ལས། དགའ་སྟོན་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་གཏན་ནས་མིན་ཞེས་སོགས་སྒྲོག་སྦྱངས་བྱས་སོང་།
དེ་རྗེས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཕྱི་ལོ་༡༩༥༠ ནང་བོད་དང་རྒྱ་ནག་དབར་གྲོས་མོལ་བྱས་པའི་སྐབས་སུ་རྒྱ་གཞུང་གིས་ཆ་རྐྱེན་གསུམ་བཏོན་པ་རྣམས་ཁས་བླངས་ན་དམག་རྒྱག་མི་དགོས་པའི་ཐོག་ནས་ཞི་བའི་བཅིངས་འགྲོལ་གཏོང་གི་ཡིན། གལ་སྲིད་ཆ་རྐྱེན་དེ་དག་ཁས་མ་བླངས་ཚེ་དམག་རྒྱག་གི་ཡིན་ཞེས་བཤད་མྱོང་བ་ལྟར། བོད་གཞུང་གི་ངོས་ནས་ཆ་རྐྱེན་དེ་དག་ངོས་ལེན་རྩ་བ་ནས་མ་བྱས་སྟབས་རྒྱ་ནག་གིས་དམག་བརྒྱབ་ནས་ཆབ་མདོ་བླངས་པ་རེད། དེ་ཞི་བའི་བཅིངས་འགྲོལ་མིན་པའི་དཔང་རྟགས་གསལ་ཤོས་དེ་རེད། ཚེ་སྲོག་གི་འགྲོ་གྲོན་གཏོང་མི་དགོས་པར་ཉིན་མ་གཅིག་ལ་ཆབ་མདོ་ལེན་ཐུབ་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་མ་རེད་ཅེས་སོགས་ཆབ་མདོ་ཤོར་བའི་ལོ་རྒྱུས་ཞིབ་ཕྲ་གསུངས་སོང།
དེ་ནས་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་ང་ཚོས་བོད་ས་ཤོར་བ་དེ་སྐུ་དྲག་ཚོས་མ་འགྲིག་པ་རྐྱང་རྐྱང་བཤད་པ་དེ་རེད་མི་འདུག སྐུ་དྲག་ཚོ་གཅིག་པུ་རེད་མི་འདུག ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་མ་ཐུབ་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ལེགས་པོ་མེད་པའི་རྐྱེན་གྱིས་བོད་དེ་ཤོར་བ་རེད། འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་མ་འོངས་པར་དེ་ལྟར་མི་ཡོང་བའི་སྔོན་འགོག་བྱེ་དགོས་པ་དེ་གལ་གནད་ཆེན་པོ་ཡིན་པ་རེད་ཅེས་དང་། དེ་ནས་དར་རྩེ་མདོ་དང་ཟི་ལིང་ཤོར་བའི་གནས་སྟངས་སོགས་གསལ་པོ་གསུངས་སོང་།
དེ་རྗེས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གཞུང་གིས་འབྲི་ཆུ་ཕར་ནང་ཚུར་ནང་གི་ས་མཚམས་དེ་རྒྱ་བོད་ཀྱི་ས་མཚམས་ཡིན་པར་ལོག་འགྲེལ་བྱེད་ཀྱི་ཡོད་པ་དེ་ནི། བོད་དང་རྒྱ་ནག་དབར་ལ་སྐབས་འགའ་ཤས་རིང་དམག་འཁྲུག་གི་དོན་རྐྱེན་བྱུང་བ་རེ་ཞིག་མཚམས་འཇོག་ཡོང་བའི་གྲོས་མོལ་བྱེད་པའི་གནད་དོན་ཞིག་ཆགས་པ་མ་གཏོགས་རྒྱ་བོད་བར་གྱི་ས་མཚམས་ཀྱི་གནད་དོན་ཞིག་ཆགས་ཀྱི་མེད་པ་དེ་ལོ་རྒྱུས་ཀྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། ཆབ་མདོ་གཅིག་པུར་བོད་མི་ཁྲི་གཅིག་ཙམ་ཤི་བ་དང་། འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་སྐོར། ད་ལྟ་ཡིན་ནའང་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཀྱི་གཞི་རྩ་དེ་བརྟན་པོ་ཡོད་པའི་སྐོར་སོགས་གསུངས་སོང་།
དེའི་བར་མི་མང་དང་དྲི་བ་དྲིས་ལན་གྱི་དུས་ཚོད་རྫོགས་རྗེས། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་དམིགས་བསལ་དེ་རིང་ཆབ་མདོ་བཅིངས་འགྲོལ་ཞེས་པར་ངོ་རྒོལ་བྱེད་དགོས་དོན་ནི། རྒྱ་ནག་གིས་ཆབ་མདོ་དང་འབྲི་ཆུ་དེ་བོད་དང་རྒྱ་ནག་གི་ས་མཚམས་ཡིན་པར་རྫུན་བཟོ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས། བོད་ཀྱི་མངའ་ཁོངས་དེ་རྒྱ་ནག་གིས་བཤད་པ་ལྟར་བོད་རང་སྐྱོང་ལྗོངས་གཅིག་པུ་མིན་པར་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་གོ་ཡི་ཡོད་པ་དེ། བོད་མི་ས་ཡ་དྲུག་གི་མངོན་འདོད་ཡིན་པ་དང་། ལོ་རྒྱུས་ཀྱི་བདེན་དོན་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་བྱུང་རབས་དེ་གསལ་སྟོན་བྱེད་ཆེད་དང་། བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་སླར་གསོ་བྱེད་པའི་མངོན་འདོད་གསལ་སྟོན་བྱེད་ཆེད་དེ་རིང་གི་ཉིན་མོ་འདི་ངོ་རྒོལ་གྱི་དུས་དྲན་ཞིག་ཏུ་སྲུང་བརྩི་བྱས་པ་ཡིན་ཞེས་མཇུག་བསྡོམས་གནང་སོང་།།
{jcomments on}