༄༅། །རྒྱལ་གཅེས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཆེད་གསོལ།
མཐའ་མར་པདྨ་འབྱུང་གནས་དང། པདྨ་ནོར་བུ་གཉིས་ལ་མང་མོས་ཀྱིས་རང་ཁོངས་སྤྱི་འཐུས་ཀྱི་རྒྱབ་སྐྱོར་ཐོབ་པས། ཁག་སོ་སོའི་ལས་སྣེ་རྣམ་པས་དམ་ཕྲུག་དང་མཚན་རྟགས་བསྐྱོན་ཏེ་ས་སྐྱའི་དགོན་སྡེ་སོ་སོར་འགྲེམས་སྤེལ་གྱིས་རེ་སྐུལ་ཞུས་པས། དེར་འགའ་ཞིག་གིས་ཆབ་སྲིད་ཀྱི་ལྐོག་གཡོ་ཞིག་བཤམས་འདོད་དམ། ཡང་ན་དངོས་དོན་མ་རྟོགས་པར་ས་སྐྱ་མཐོ་སློབ་ཀྱི་མཁན་རིན་པོ་ཆེས་བཙན་ཤེད་བཀས་བསྐུལ་གྱིས་འོས་གཞི་གཉིས་ཁོ་ན་བཏོན་པ་དང། དེ་ཡང་གཙོ་བོར་མཁན་རིན་པོ་ཆེ་སྐུ་སྒེར་ལ་ཁེ་ཕན་ཞིག་ཡོད་པར་དགོངས་པ་བཞེས་ཀྱི་ཡོད་ཚོད་འདུག་པས། མཁན་རིན་པོ་ཆེས་དེ་འབྲེལ་གྱི་གསལ་བཤད་གནང་བ་ནི། འོས་གཞི་གཉིས་པོ་དེ་གོང་ཞུས་སྤྱི་མོས་ཀྱི་གྲོས་ཆོད་བྱུང་བ་ལྟར་དང། སྐུ་སྒེར་ངོས་ནས་བཤད་ན་ད་བར་ཁོང་གཉིས་དང་ཇ་ཕོར་པ་གང་བཏུང་བའི་ཡུས་དང། སྐར་མ་ལྔའི་རིང་ལ་གཏམ་གླེང་བྱས་པའི་འབྲེལ་ལམ་གཏན་ནས་མེད། དེར་བརྟེན་ཁོང་གཉིས་འོས་འདེམས་བྱུང་ཚེ་དགའ་དགོས་པ་དང། མ་བྱུང་ཚེ་སྐྱོ་དགོས་པ་གཉིས་ཀར་གཏན་ནས་མེད་པར་དངོས་ཡོད་ཡིན་ཀྱང། དེ་ལྟའི་བསམ་ཚུལ་ཐབས་སྡུག་ཅིག་ཡོད་ན། ད་ནས་བཟུང་ང་ཚོ་ཚང་མས་ཁོང་གཉིས་ལ་འོས་འཕེན་གཏན་ནས་བྱེད་མི་དགོས་ཞེས་ཐག་བཅད་དེ་གྲྭ་མང་ལ་གསལ་བསྒྲགས་གནང་བ་ལྟར། གྲྭ་མང་ནས་ཀྱང་མང་མོས་ཀྱིས་མོས་མཐུན་བྱུང་སྟེ། སླད་དངོས་གཞིའི་སྐབས་ས་སྐྱའི་སྤྱི་འཐུས་ཁོངས་མི་སྤྱི་འཐུས་ཚེ་རིང་པོ་དང། མཁན་པོ་ཆོས་གྲགས་རྒྱ་མཚོ། མཁན་པོ་ནོར་བུ་ཚེ་རིང། གསུམ་ལ་འོས་འཕེན་གྱི་གྲོས་ཆོད་བྱུང་བ་ལྟར་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚང་མས་དེ་དོན་དགོངས་ཆུབ་འཚལ།
ས་སྐྱ་མཐོ་སློབ་འདུས་སྤྱི་ནས་ཕུལ།།