སྦག་སྦག་བསྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ།
ཟླ་འདིའི་ཚེས་༡༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་མཧཱ་རཱ་ཤེ་ཊའི་མངའ་སྡེའི་གྲོང་ཁྱེར་ཝར་ཌི་ས་གནས་གྲོས་ཚོགས་འཐུས་མི་སུ་རེ་སི་ཌེ་མི་མུག་ལགས་ཀྱིས། སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང། ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་དམིགས་ཡུལ་ནི། བོད་རང་དབང་དགོས་པ་དང་། རྒྱ་གར་ཉེན་ཁ་ལས་སྐྱོབ་དགོས་ཟེར་ནས། རྒྱ་གར་དང་བོད་གཉིས་ཀྱི་གནད་དོན་ཐོག་ནས་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།
སྦག་སྦག་སྐོར་སྐྱོད་ཀྱི་དུས་ཚོད་དེ་རྒྱ་གར་གྱི་ཆོས་ལུགས་མི་སྣ་གྲགས་ཅན། བྷ་བྷ་ས་ཧིབ་ཨམ་སྦེཌ་ཀར་ གྱིས། ཆོས་འཁོར་ཉིན་མོ་ཞེས་པའི་དུས་ཆེན་ཉིན་འགོ་བཙུགས་ཏེ། མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་པ་ཞིག་ཡིན་པ་དང་། ཆོས་འཁོར་དུས་ཆེན་སྲུང་བརྩི་ཞུ་ཆེད་རྒྱ་གར་མཧཱ་རཱ་ཤེ་ཊའི་གྲོང་ཁྱེར་ནཱག་པུར་གྱི་སྡི་ཤ་བྷུ་མི་ཞེས་པའི་ཐང་ཆེན་དུ། རྒྱ་གར་རྒྱལ་ཡོངས་ནས་མི་གྲངས་འབུམ་ ༡༥ ཙམ་འདུ་འཛོམས་བྱུང་ཡོད་པ་དང། སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པ་དང་ས་གནས་གཞོན་ནུ། བུད་མེད་ཚོགས་པ། བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས། གྲོང་ཁྱེར་ནཱག་པུར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པ། བྷན་དྷ་རའི་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱིས། ཐང་ཆེན་དེར་འདུ་འཛོམས་བྱུང་བའི་མི་མང་ཚོར། བོད་ཀྱི་གནད་དོན་སྐོར་བྲིས་པའི་ སྦྱར་ཡིག་གང་མང་ཧིན་རྡུ་དང་། དབྱིན་ཇི་སོགས་སུ་བསྒྱུར་ཏེ་འགྲེམས་སྤེལ་བྱས་ཡོད་པ་དང། སྦག་སྦག་སྐོར་སྐྱོད་གནང་མཁན་རྣམས་ནཱག་པུར་དུ་འབྱོར་སྐབས། བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་དང་བུ་མེད་ལྷན་ཚོགས་ཀྱིས། ཁོང་རྣམས་ལ་ཁ་བཏགས་ཕུལ་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།