ཕ་མེས་ཀྱི་ཆོས་ལུགས་རྗེས་སུ་འཇུག་རྒྱུ་དེ་བརྟན་ཤོས་ཡིན།

ཟླ་འདིའི་ཚེས་༢༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་ནང་རྟེན་གཞི་བྱས་པའི་ཨི་མོ་རི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང།  མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུངས་རྗེས། ཨི་མོ་རི་དང་བོད་མཉམ་རུབ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་། ཨི་མོ་རི་གཙུག་ལག་སློབ་གྲྭའི་ཚོགས་གཞོན་སྐུ་ཞབས་སྒེར་རི་ཧུཀ་མཆོག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་བཅས་ཀྱིས་གསུངས་བཤད་གནང་ཡོད་པ་རེད།།

༧གོང་ས་མཆོག་གིས་མཛད་སྒོའི་ཐོག་བཀའ་སློབ་སྩལ་དོན། “ངོས་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ། འགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཆེ་མཐོང་ཆེན་པོ་ཐོབ་བྱུང། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བླ་མ་དང་དགེ་བཤེས་མཁས་དབང་། ནང་ཆོས་ཉམས་ལེན་པའི་མཁས་དབང་། ནང་ཆོས་ལ་དོན་གཉེར་ཆེ་བའི་སློབ་མ་མང་པོ་ཞིག་བྲོས་བྱོལ་དུ་ཕེབས་པ་དེ་བསོད་ནམས་ཤིག་རེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་གནའ་བོའི་རིག་གཞུང་ཙམ་མིན་པར་དེང་སང་འཛམ་གླིང་སྤྱི་ཚོགས་ནང་འབྲེལ་བ་ཆེན་པོ་ཡོད་པས། འདས་པའི་ལོ་ ༥༡ རིང་བོད་ཀྱི་སངས་རྒྱས་པའི་ཆོས་དེ་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་”ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མཐུད་མཐུད་གསུང་དོན། “ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་བོད་ཀྱི་ནང་ཆོས་སློབ་ཁྲིད་གནང་མཁན་བླ་མ་དང་དགེ་བཤེས་འགའ་ཤས་ནུབ་ཕྱོགས་སུ་ཕེབས་ཏེ་ཆོས་ཚོགས་བཙུགས་ཡོད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་མ་དོར་བ་བྱེད་རྒྱུ་ང་ཚོའི་གཞི་རྩའི་བསམ་བློར་འགྱུར་བ་མེད། ཆོས་ལུགས་བསྒྱུར་རྒྱུ་དེར་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་རང་གི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེའི་རྗེས་སུ་འཇུག་རྒྱུ་དེ་བརྟན་ཤོས་ཡིན། ཡིན་ནའང་མི་འགའ་རེར་རང་གི་ཕ་མེས་ཀྱི་ཆོས་ལུགས་དེ་ལས་ནང་ཆོས་དེ་རན་པ་ཞིག་དང་འོས་ཤིང་འཚམས་པ་མཐོང་སྲིད། དེ་གནས་ཚུལ་ཐ་དད་རེད།  བོད་ཀྱི་གནས་སྟངས་དེ་ཕྱོགས་གཅིག་ནས་བློ་ཕམ་པོ་ཞིག་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན་སྔར་མེད་པའི་གོ་སྐབས་ཤིག་ཀྱང་རེད། སྤྱིར་ཆོས་ལུགས་འདྲ་མིན་དབར་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ནའང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་འདང་ངེས་ཤིག་བྱུང་ཐུབ་མེད། དཔེར་ན།  པཱ་ལི་སྲོལ་རྒྱུན་ནང་ནང་ཆོས་སློབ་གཉེར་གནང་མཁན་དང་། ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་ནས་ནང་ཆོས་སློབ་གཉེར་གནང་མཁན་དབར་གྱི་འབྲེལ་བ་དེ་འདང་ངེས་ཤིག་བྱུང་ཐུབ་མེད། བོད་པར་ཆ་བཞག་ནའང་མཚམས་རེ་ཆོས་བརྒྱུད་སོ་སོའི་རིང་ལུགས་དེ་གཙིགས་ཆེར་འཛིན་ཏེ། ཚང་མ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་གཅིག་པ་ཡིན་བསམ་པའི་འདུ་ཤེས་དེ་ཙམ་ཤུགས་ཆེ་བ་བསླེབས་ཐུབ་མེད་”ཅེས་སོགས་བཀའ་སློབ་ཕེབས་ཡོད་པ་རེད།

ཐེངས་འདིའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་དེ། ཟླ་འདིའི་ཚེས་ ༡༨ ནས་ ༢༠ བར་འཚོགས་ཡོད་པ་དང།  སྐབས་དེར་མཁས་དབང་དང་དགེ་རྒན། སྐད་སྒྱུར། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༥༠ ཙམ་ཕེབས་ཡོད་པ་དང། ཚོགས་ཆེན་གོ་སྒྲིག་གནང་མཁན་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་བོད་གཞུང་དོན་གཅོད་ཁང་དང་། ཨི་མོ་རི་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་འགན་ཁུར་རྐང་བཞེས་ཐོག  ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྱུ་རྩལ་བསྟི་གནས་ཁང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་སོགས་ཀྱིས་རྒྱབ་སྐྱོར་གནང་ཡོད། ཚོགས་ཆེན་སྐབས་བགྲོ་གླེང་གནང་རྒྱུའི་གནད་དོན་གཙོ་བོ་དྲུག་ཡོད་པའི་དང་པོ་ནི། བོད་ཀྱི་ནང་ཆོས་དང་དེང་དུས་ཚན་རིག་དབར་འབྲེལ་བ་བྱུང་བ།  གཉིས་པ་ནི། བོད་ཀྱི་ནང་ཆོས་དང་སྤྱི་ཚོགས་ཀྱི་འབྲེལ་བ། གསུམ་པ་ནི། ནང་ཆོས་ཕབ་སྒྱུར། བཞི་པ། དེང་དུས་ཤེས་ཡོན་ལམ་ལུགས་ནང་བོད་ཀྱི་ནང་ཆོས། ལྔ་པ། དེང་དུས་ནུབ་ཕྱོགས་སྲོལ་རྒྱུན་ནང་བོད་ཀྱི་ནང་ཆོས། དྲུག་པ། སྲོལ་རྒྱུན་ནས་བོད་བརྒྱུད་ནང་བསྟན་དར་ཁྱབ་ཡོད་པའི་ཡུལ་ལུང་ཁག་གི་ནང་དེང་རབས་སྤྱི་ཚོགས་ཀྱི་ཡར་རྒྱས་རྒྱུན་གནས་ཐུབ་ཐབས་སོགས་ཡིན་པ་རེད།།

{jcomments on}