རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་འབུལ་བཞེས།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སིན་སི་ནཱ་ཊིའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཞི་བའི་བསྟི་གནས་ཁང་ནས། ཟླ་འདིའི་ཚེས་༢༠ ཉིན་༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ International Freedom Conductor Award ཞེས་པ་དེ་འབུལ་ལམ་ཞུས་ཡོད་པ་དང། མཛད་སྒོའི་སྐབས་ཞི་བའི་བསྟི་གནས་ཁང་དེའི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཌི་མར་ཕེ་མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇིན་དང། སི་ཊི་ཕི་རྣམ་གཉིས་ཀྱིས་གཙོས། གལ་ཆེའི་སྐུ་མགྲོན་མི་སྣ་ཁག་ཅིག་ཆེད་ཕེབས་གནང་ཡོད་པ་རེད། ཚོགས་བཅར་བ་རྣམས་བཞུགས་གྲལ་དུ་འཁོད་མཚམས་སུ། ཡེ་ཤུའི་སློབ་དཔོན་སྐུ་ཞབས་ཌ་མོན་ལིན་ཆི་མཆོག་ནས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེང་རྟགས་དེའི་དངུལ་འཛིན། ཨ་སྒོར་སྟོང་ཕྲག་ ༢༥ འབུལ་ལམ་ཞུས་ཡོད་ཀྱང་༧གོང་ས་མཆོག་གིས་དངུལ་དེ་ཞི་བའི་བསྟི་གནས་ཁང་ལ་གསོལ་རས་བསྩལ་ཡོད་པ་རེད།

hh free dom1༧གོང་ས་མཆོག་གིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་གཞན་དོན་དང་ལྷག་པར་མགོན་མེད་རྣམས་ལ་གཟིགས་རྟོགས་གནང་མཁན་གྱི་བསྟི་གནས་ཁང་ཞིག་གིས་གནང་བར་བརྟེན། དམིགས་བསལ་དགའ་ཚོར་ཆེན་པོ་བྱུང། ཚོགས་ཁང་དུ་མ་བཅར་སྔོན་ཙམ་དུ་བསྟི་གནས་ཁང་གི་འགྲེམས་སྟོན་ཚོགས་ཁང་དུ་བསྐྱོད་སྐབས། འཛམ་གླིང་གང་སར་ཚེ་གཡོག་དང་བུད་མེད་ལ་བརྙས་བཅོས་བཏང་བ། དེ་བཞིན་དཀའ་སྡུག་མྱོང་བའི་པར་རིགས་ཁག་གཅིག་མཐོང་དུས་ཡ་ང་བའི་འཚོར་སྣང་ཞིག་སྐྱེས་བྱུང། ངོས་རང་རྒྱུན་དུ་འཛམ་གླིང་ནང་མི་གྲངས་ཐེར་འབུམ་དྲུག་ཡོད་པའི་ནང་ནས་མི་གཅིག་ཡིན་བསམ་པ་དྲན་གྱི་ཡོད། རང་གི་བདེ་དོན་དེ་གཞན་ལ་བརྟེན་ཡོད་པས། རང་དོན་གྱི་བསམ་པ་ཁོ་ནའི་ཐོག་ནས་བལྟས་ཀྱང་གཞན་དང་མཐུན་སྒྲིལ་བྱེད་དགོས་པ་ཆགས་ཡོད། དེར་བརྟེན་མི་གཞན་དང་མཐུན་སྒྲིལ་བྱེད་སྐབས། བཅོས་མིན་གྱི་ཡིད་ཆེས་དང་མཛའ་བརྩེའི་བསམ་པ་རྣམ་དག་ཅིག་དགོས།  ཡིད་ཆེས་དེ་དངུལ་དང་དབང་ཆ། སྟོབས་ཤུགས། བཙན་དབང་བཏང་ནས་ཉོ་མི་ཐུབ། ཡིད་ཆེས་ཡོང་བར་གཞན་གྱི་བདེ་སྡུག་ལ་ཁ་ཞེ་གཉིས་མེད་ཀྱི་སེམས་ཁུར་ཡོད་པའི་རྣམ་པ་གསལ་བོ་བསྟན་ཏེ། གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་བྱས་པ་དེས་ཡིད་ཆེས་བསླེབས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་བཤད་གནང་ཡོད་པ་རེད།

མཛད་སྒོ་དེའི་ནང་ཕེབས་པའི་མི་མང་གིས། ༧གོང་ས་མཆོག་བཙན་བྱོལ་དུ་བཞུགས་ཡུན་རིང་རང་དབང་ལོངས་སུ་སྤྱོད་ཐུབ་ཡོད་མེད་དང། རང་དབང་གི་ནང་དོན། སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བར། རྒྱ་ནག་གཞུང་གི་བསམ་ཚུལ་ཐོག་༧གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད།  རྒྱ་རིགས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེས་བོད་ཀྱི་གནད་དོན་ལ་ཕོག་ཐུག་འགྲོ་ཡི་ཡོད་མེད། ཆོས་སྲིད་གཉིས་ཐ་དད་འབྱེད་རྒྱུའི་སྐོར་དགོངས་ཚུལ། ཨ་རིའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཆེད་༧གོང་ས་མཆོག་གི་ལེགས་བཤད་ཇི་ཡོད། ༧གོང་ས་༸སྐྱབས་མཆོག་གི་ཐུགས་སྟོབས་ཀྱི་འབྱུང་ཁུངས་ཇི་ཡིན་བཅས་ཀྱི་དྲི་བ་ཁག་གཅིག་ཕུལ་བར་བཀའ་ལན་གནང་ཡོད་པ་རེད།།

{jcomments on}