འོས་ཤོག་དགོས་ན་སྤྲེའུ་ཕྱིར་ཕུད་གཏོང་དགོས་ཟེར།

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བྷི་བྷི་སིའི་གསར་འགོད་པས་བྷི་ཧར་ནས་གནས་ཚུལ་སྤེལ་བ་ལྟར་ན། བྷི་ཧར་མངའ་སྡེ་ནི་རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་ནས་སྐྱོ་ཤོས་ཡིན་པ་དང། སོ་ནམ་ཞིང་ལས་ཀྱི་ཐད་ལ་ཡུལ་མི་ཚོར་སློབ་སྦྱོང་མེད་ཐོག རང་བྱུང་གི་ཆག་སྒོ་མང་བ། ཡུལ་དེའི་དཔོན་རིགས་ཚོ་ལྐོག་ཟ་རུལ་སུངས་ལ་ངན་གོམས་ཆེ་བའི་དཀའ་ངལ་འོག འདས་པའི་ལོ་༣ གྱི་རིང་མངའ་སྡེ་དེའི་ས་ཁུལ་Teghra, Dholi, Parri, Bangaon and Mohanpur བཅས་ཀྱི་ནང་། སྤྲེའུ་ཁྱུ་ཚོགས་མང་པོ་ཡོང་ནས་སྟོན་ཐོག་རྣམས་ཟོས་པ་དང་གཏོར་བཅོམ་བཏང་པ། ད་དུང་ཡུལ་མི་ཚོའི་སྡོད་ཁང་དང་འབྲུ་མཛོད་ཁང་གི་ཐོག་བཀོག་ནས། འབྲུ་རིགས་འཕྲོག་བརླགས་བཏང་པ་སོགས་ཀྱིས། དེང་སྐབས་སྤྲེའུ་བཀག་འགོག་མ་ཐུབ་པའི་དཀའ་ངལ་ཤིན་ཏུ་ཆེན་པོ་ཡོད་པ་རེད།

 

མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ལ་ཉེ་བས། སྤྲེའུ་ཡི་དཀའ་ངལ་ཡོད་སའི་ས་གནས་དེ་དག་གི་ཡུལ་མི་ཚོས། “སྤྲེའུ་རྒྱང་ཕུད་གཏོང་མཁན་ལ་ང་ཚོའི་འོས་ཤོག་ཐོབ་ངེས་ཡིན་”ཞེས། སྤྲེའུ་བཀག་འགོག་གི་ལས་འགུལ་ཞིག་སྤེལ་བའི་སྐབས་སུ་སྐད་འབོད་བརྒྱབ་ཡོད་པས། དེང་སྐབས་ཆབ་སྲིད་མི་སྣ་མང་པོས་སྤྲེའུ་བཀག་འགོག་གི་ལས་གཞི་ཐད་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་།  སྤྲེའུ་ཡི་དཀའ་ངལ་ཡོད་སའི་ས་ཁུལ་ཁག་ཏུ་ཡུལ་མི་ཁྲི་ཚོ་མང་པོ་ཡོད་པས། གལ་སྲིད་ལས་གཞི་དེ་ལམ་ལྷུང་ཡོང་ཚེ་འོས་ཤོག་འབོར་ཆེན་ཐོབ་རྒྱུ་ཡིན་པ་རེད།

 

གྲོས་ཚོགས་ཀྱི་འོས་གཞིའི་ནང་ཞུགས་མཁན་ཀཱི་ཤོར་ཀུ་མར་ཟེར་བས་གསར་འགོད་པར། “ང་སྒེར་གྱི་ཐོག་ནས་གྲོང་གསེབ་ཁག་ཏུ་བསྐོར་བསྐྱོད་བྱེད་རྒྱུ་ཡིན་ལ། སྤྲེའུ་ཕྱིར་ཕུད་གཏོང་རྒྱུའི་ལས་གཞི་ཞིག་འཆར་འགོད་བྱེད་ཀྱི་ཡིན། སྤྲེའུ་ཡི་དཀའ་ངལ་དེ་མི་མང་གི་འཚོ་བའི་བདེ་སྡུག་དང་འབྲེལ་བའི་ལས་གཞི་ཞིག་ཆགས་ཡོད་པས། ངས་མི་མང་ལ་འདིའི་ཐད་ལམ་སྟོན་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད།

{jcomments on}