རྒྱལ་སྤྱིའི་བུད་མེད་ཀྱི་གསར་འགོད་པའི་བྱ་དགའ།
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། བྱ་དགའ་ཕུལ་བའི་མཛད་སྒོ་དེ་ཕྱི་ཟླ་བཅུ་པའི་ཚེས་༢༠ ཉིན་ཨ་རིའི་གྲོང་ཁྱེར་ནི་ཡོག་ཏུ་འཚོགས་པ་དང། མི་གྲངས་༦༠༠ ལྷག་མཉམ་བཞུགས་བྱས་ཡོད་འདུག རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ཕྱི་བསྐྱོད་ལག་ཁྱེར་རྒྱ་ནག་གཞུང་གིས་མ་སྤྲད་པས། ཁོང་དངོས་སུ་བྱ་དགའ་ལེན་སར་བཅར་ཐུབ་མེད་ཀྱང། བརྙན་འཕྲིན་འཁོར་ཐག་ཅིག་བྱ་དགའ་འབུལ་བཞེས་མཛད་སྒོའི་ཐོག་བསྟན་པའི་ནང། ཚེ་རིང་འོད་ཟེར་ལགས་ཀྱིས་བརྗོད་དོན། ཕྱི་ལོ་༢༠༠༨ ལོའི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བྱུང་བའི་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་རྒོལ་བྱུང་བའི་གནས་ཚུལ་སྐོར་ཕྱི་ཕྱོགས་སུ་བསྒྲགས་ཐབས་བྱས་ཏེ། བོད་མི་ཚོའི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་དམིགས་ནས་འབད་བརྩོན་གནང་བའི་སྐོར་སོགས་འགྲེལ་བཤད་གནང་བ་དང་འབྲེལ། ཁོང་གིས། ད་དུང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་མེད་པ་དང། མི་སྣ་གྲགས་ཅན་དང་ཉེས་མེད་མི་སེར་མང་པོ་བཙོན་འཇུག་བྱེད་མུས་ཡིན་པ་གསལ་སྟོན་གནང་ཡོད་པ་མ་ཟད་། མ་འོངས་པར་ཁོང་གིས་མུ་མཐུད་དུ་སྒེར་གྱི་ཟིན་བྲིས་དྲ་ཚིགས་སོགས་བརྒྱུད་ནས་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཤེས་རྟོགས་བྱ་རྒྱུར་འབད་རྩོན་བྱེད་རྒྱུ་ཡིན་སྐོར་དང། བོད་ནང་ཞི་རྒོལ་བྱུང་བའི་དངོས་ཡོད་བདེན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ཚོས་ཤེས་ཆེད་༼མི་མངོན་པའི་བོད་ཅེས་པའི་དྲ་རྒྱའི་༽ནང་ཉིན་རེ་བཞིན་གནས་ཚུལ་འགོད་བཞིན་ཡོད་ལ། བོད་ནང་ད་ལྟའང་དྲང་བདེན་མིན་པའི་ཁྲིམས་ལུགས་ལག་བསྟར་བྱེད་བཞིན་ཡོད། བོད་མི་གྲགས་ཅན་དང་མི་མང་དཀྱུས་མ་སོགས་འཛིན་བཟུང་འོག་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད་པས། སྒེར་གྱི་གསར་འགྱུར་བརྒྱུད་ལམ་ཐོག་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་ལ། བརྒྱུད་ལམ་དེ་ནི་དབང་ཆ་མེད་མཁན་ཚོའི་ལག་ཆ་ཞིག་ཆགས་ཡོད་ཅེས་བརྗོད་འདུག།
{jcomments on}