ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པས་རྒྱ་ནག་ཏུ་གཟིགས་སྐོར།

ཟླ་འདིའི་ཚེས་༢༡ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པ་སྐུ་ཞབས་ཨི་རི་ཀི་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་ཡོད་པ་དང། པེ་ཅིང་དུ་གཟིགས་སྐོར་གྱི་ཉིན་གཉིས་པ་སྟེ། ཟླ་འདིའི་ཚེས་༢༠ ཉིན་པེ་ཅིང་དུ་གསར་འགོད་གསལ་བསྒྲགས་ཤིག་འཚོགས་ཡོད་པ་རེད། སྐབས་དེར་ཁོང་གིས། ད་ལྟའི་སྐབས་ཨ་རྒྱ་གཉིས་དབར་གཞིའི་རྩ་ཆ་ནས་མི་མཐུན་པའི་གནད་དོན་ཞིག་ཆགས་ཡོད་པ་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་ཡི་སྐོར་ཡིན་པ་དང། འཆར་ལོའི་ཟླ་བ་༡ ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐཱའོ་ཨ་རིར་ཕེབས་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་བྱེད་འཆར་ཡོད་པས། སྐབས་དེར་སྲིད་འཛིན་ཨོ་བྷ་མས་གནད་དོན་མང་པོ་ཞིག་གི་ཐད་ལ་འགྲེལ་བརྗོད་གནང་གི་རེད་ཅེས་བརྗོད་ཡོད་པ་རེད།

ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པ་ཁོང་ད་ཐེངས་རྒྱ་ནག་ཏུ་ཕེབས་དགོས་པའི་གནད་དོན་གཞན་ཞིག་ནི། ཨ་རྒྱ་གཉིས་དབར་རྩོད་གཞི་ཡོད་པའི་རྒྱ་ནག་གི་དངུལ་ལོའི་འཛའ་ཐང་སྤོར་གཅོག་བྱེད་རྒྱུ་དེ་ཡིན་པ་དང།  རྒྱ་ནག་གཞུང་ཕྱོགས་ནས་དངུལ་ལོའི་འཛའ་ཐང་དེ་རིམ་གྱིས་བརྗེ་སྒྱུར་བྱེད་འཆར་ཡོད་སྐོར་རྒྱལ་ཚོགས་དང། ཡུ་རོབ་མཉམ་འབྲེལ། སྟོབས་ཆེན་རྒྱལ་ཁབ་ཁག་གི་ལྷན་ཚོགས་སོགས་སུ་ཁས་ལེན་མང་པོ་བྱས་ཡོད་རུང། ད་ལྟའི་བར་འགྱུར་ལྡོག་གང་ཡང་བྱུང་མེད་པས། ཉེ་དུས་ཨ་རིའི་གྲོས་ཚོགས་ནས། རྒྱ་ནག་གི་འཛམ་གླིང་ཁྲོམ་རའི་ཁྲིམས་སྒྲིག་དང་འགལ་བའི་ཐོག་ནས། ཚོང་གཉེར་བྱེད་བཞིན་ཡོད་པ་དེར་ཉེས་ཆད་འགེལ་དགོས་པའི་གྲོས་འཆར་བྱུང་ཡོད་པ་རེད།

ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པ་ད་ཐེངས་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་པ་དང་བསྟུན་ནས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཁྲིམས་ལུགས་བློན་ཆེན། མི་མང་བདེ་སྲུང་ལས་ཁུངས་ཀྱི་བློན་ཆེན། རྒྱ་ནག་དབུས་ཆེས་མཐོའི་བདེ་སྲུང་ལས་ཁུངས་ཀྱི་བློན་ཆེན་སོགས་དང་མཇལ་འཕྲད་བྱས་ནས། ཁྲིམས་ལུགས་དབང་བསྒྱུར་དང་ཁྲིམས་སྲོལ་འབྲེལ་བ། བཙན་སྐུལ་གནད་དོན། མཁས་དབང་སྲུང་སྐྱོབ་ཀྱི་ཐོབ་ཐང་གི་སྐོར་ལ་གྲོས་མོལ་བྱས་ཡོད་པ་རེད། གསར་འགྱུར་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་ཆབ་སྲིད་བཙོན་པ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང། སྲིད་བློན་ཝོན་ཅཱ་པོ་ཡིས་སྨྲ་བརྗོད་རང་དབང་གི་སྐོར་ལ་གཏམ་གླེང་ཤུགས་ཆེ་བྱས་པའི་སྐབས་དང་བསྟུན་ནས། ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པ་རྒྱ་ནག་ཏུ་ཕེབས་པ་དེ་དུས་ཚོད་འོས་འཚམས་ཤིག་ལ་འཁེལ་ཡོད་པ་རེད་ཅེས། བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

{jcomments on}