གཞིས་བྱེས་འབོད་སྒྲ་མཉམ་སྒྲོག
དགའ་བྱང་སློབ་གྲྭའི་སློབ་སྤྱི་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ཉེ་བའི་ཆར་རྒྱ་གཞུང་གིས་བོད་ནང་དུ་སློབ་གྲྭ་ཁག་ཚང་མའི་ནང་བོད་ཡིག་སློབ་དེབ་རྣམས་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་ཆབ་སྲིད་ལག་བསྟར་བྱེད་འགོ་བཙུགས་ཏེ། མ་འོངས་པར་བོད་ཀྱི་སྐད་ཡིག་སློབ་དེབ་ལས་སློབ་གྲྭའི་སློབ་ཚན་གཞན་ཚང་མ་རྒྱའི་སྐད་ཡིག་ཐོག་བསླབ་པ་ལས་བོད་ཡིག་ཐོག་བསླབ་མི་ཆོག་པའི་ཡིག་ཆ་གཏན་འབེབས་བཟོས་ཡོད་པ་རེད། དེ་ནི་སི་ཏ་ལེ་ཉེན་གྱིས་མི་རིགས་ཤིག་རྩ་མེད་གཏོང་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་དགོས་པ་རེད་ཅེས་བཤད་མྱོང་བ་ཡོད་པ་རེད། ཁྲིམས་མཐུན་མིན་པའི་སྲིད་ཇུས་དེ་རྒྱ་གཞུང་གིས་མི་ལོ་སུམ་ཅུའི་རིང་ལ་བཙན་དབང་གི་ལག་བསྟར་བྱས་ཡོད་པ་རེད། དེ་རྗེས་སུ་པཎ་ཆེན་རིན་པོ་ཆེའི་གཙོས་གཞིས་ལུས་དཔའ་བོ་མང་དག་ཅིག་གིས་དཀའ་ངལ་གང་མང་ཞིག་ལ་གདོང་ལེན་བྱས་ནས་བོད་ཡིག་སྦྱང་སའི་ཁོར་ཡུག་ཅུང་ཟད་བསྐྲུན་ཐུབ་ཡོད་ཀྱང། ད་ལྟའི་ཆར་ཡང་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་འཆར་རྒྱ་གཞུང་གིས་བསྐྱར་དུ་འཐེན་བཞིན་ཡོད་པ་དེར་བོད་ནང་ནས་ཕྱི་ཚེས་༡༩ ནས་བཟུང་མདོ་སྨད་རེབ་གོང་གི་སློབ་མ་སྟོང་ཕྲག་མང་པོས་སྣེ་ཁྲིད་དེ་ད་བར་ས་ཁུལ་མང་པོའི་ནང་སློབ་ཕྲུག་སྟོང་ཕྲག་དུ་མས། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད་པ་རེད། བཙན་བྱོལ་ནང་སོ་སོའི་སྐད་དང་ཡི་གེར་བདག་པོ་རྒྱག་སྟངས་ག་འདྲ་ཞིག་ཡིན་པ་དང་། བོད་ནང་དུ་གཞིས་ལུས་རྒྱ་ཆེའི་མི་མང་གིས་སྲོག་བློས་བཏང་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་བའི་ཐོག་ནས་བསམ་བློ་གཏོང་དགོས་པ་རེད། ལྷག་པར་བོད་མི་རིགས་དང་སྐད་ཡིག་གི་ཆེད་དུ། ལོ་རྒྱུས་རང་བཞིན་ཅན་གྱི་ངོ་རྒོལ་སྐད་འབོད་གནང་མཁན། ལ་རྒྱ་དང་སྤོབས་པའི་ཁེངས་བའི་གཞིས་ལུས་རྒྱ་ཆེའི་སློབ་ཕྲུག་རྣམས་ལ་བླ་ན་མེད་པའི་རྒྱབ་སྐྱོར་དང་། སྐྱིད་སྡུག་མཉམ་མྱུང་གིས་གདུང་སེམས་མཉམ་བསྐྱེད་སྙིང་ཐག་པ་ནས་ཞུ་རྒྱུ་དང་། དེ་བཞིན་ཡིད་སྐྱོ་བའི་རྒྱ་གཞུང་གི་ཆ་སྲིད་གཡོ་ཇུས་ལ་ངོ་རྒོལ་དང་། གཟི་བརྗིད་ལྡ་པའི་བོད་ནང་བོད་རིགས་སློབ་མའི་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་སྐྱོར་མཚོན་ཕྱིར་དུ་ང་ཚོ་བཙན་བྱོལ་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མས་ངོ་རྒོལ་སྐད་འབོད་ཀྱི་མཚོན་པས་གང་ཐུབ་ཅི་ནུས་ཀྱི་ལས་འགུལ་གང་མང་སྤེལ་དགོས་པ་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་སོང།
དེ་རྗེས་གཞིས་བྱེས་འབོད་སྒྲ་མཉམ་སྒྲོག་ཞེས་པའི་བསྒྲགས་ཡིག་ཅིག་ཀྱང་དགའ་བྱང་སློབ་མ་བློ་བཟང་བསྟན་འཛིན་དང་ལྷག་པ་ཚེ་རིང་གཉིས་ནས་དབྱིན་བོད་གཉིས་ཐོག་ནས་སྒྲོགས་སྦྱང་གནང་བ་མ་ཟད་ལས་འགུལ་དེ་དང་སྟབས་བསྟུན་ནས་སྦྱར་འགྲེམས་བྱས་སོང་།།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ནས།
{jcomments on}