འཛམ་གླིང་མི་མང་གིས་རྒྱབ་སྐྱོར་གནང་རོགས།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་དྷ་ས་དཔེ་མཛོད་ཚོགས་ཁང་དུ་བསྐོང་ནས། གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཕྱི་ཟླ་༡༠ ཚེས་༡༩ ནས་༢༢ བར་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་རྨ་ལྷོ་ཁུལ་སློབ་གྲྭ་ཁག་དང་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཁག མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་དང་བོད་ཡིག་སློབ་འབྲིང་བཅས་ཀྱི་སློབ་གྲྭ་ཆེའབྲིང་ཆུང་གསུམ་དང་། པེ་ཅིང་མི་རིགས་སློབ་གྲྭ་ཆེན་བཅས་ནས་ཡར་ལངས་སྐད་འབོད་བྱས་ཡོད།
སྐད་འབོད་བྱེད་དགོས་དོན་ནི། ༢༠༡༠ ཕྱི་ཟླ་༩ ཚེས་༡༢ ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུའུ་ཡིས་སྐད་ཡིག་བཅོས་བསྒྱུར་སྐོར་གསལ་བསྒྲགས་བྱས་པ་ལས་བྱུང་བ་ཞིག་ཡིན།
རྒྱ་ནག་གཞུང་གིས་དེ་ལྟ་བུའི་ཐག་གཅོད་དང་བསྒྱུར་བཅོས་གཏོང་རྒྱུའི་དམིགས་ཡུལ་གཙོ་བོ་ནི། གྲངས་ཉུང་མི་རིགས་རང་གི་ངོ་བོ་མཚོན་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུ་དེ་ཡིན། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ཀྱི་ནང་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་བྱ་རྒྱུའི་རང་དབང་ཡོད་ཅེས་པ་དང་ཡོངས་སུ་འགལ་བ་ཞིག་ཡིན། དེར་བརྟེན། བཙན་བྱོལ་བོད་མི་ཡོངས་དང་དྲང་བདེན་ལ་དགའ་བའི་རྒྱ་ཆེའི་མི་མང་གིས་རྒྱ་ནག་གཞུང་གིས་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་བཟོ་རྒྱུའི་སྐད་ཡིག་བཅོས་བསྒྱུར་གྱི་བྱ་སྤྱོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང། ད་ལྟ་བོད་ནང་གི་སློབ་ཕྲུག་རྣམས་ཀྱིས་རང་གི་སྐད་ཡིག་ལ་རང་དབང་དགོས་པའི་རེ་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བཞིན་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།
{jcomments on}