བུད་མེད་འགན་འཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང།
ཟབ་སྦྱོང་འགོ་འཛུགས་ཀྱི་སྐུ་མགྲོན་དུ་བོད་གཞུང་དཔལ་འབྱོར་བཀའ་བློན་དང་དྲུང་ཆེ། ཟུང་དྲུང་། དེ་བཞིན་ལྡི་ལི་ནས་ཆེད་མངགས་ཟབ་སྦྱོང་བ་གནང་བར་ཕེབས་མཁན། ལྕམ་ལི་ཌ་དང་ཁོང་གི་ཕྱག་རོགས་བུད་མེད་གཅིག་བཅས་ཕེབས་ཡོད་པ་དང། དང་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས། ཟབ་སྦྱོང་སྤྲད་དགོས་པའི་དམིགས་ཡུལ། སྲི་ཞུ་བ་ཚོས་རང་ཉིད་ཀྱི་ལས་དོན་གལ་ཆེན་མི་བརྩི་བ་དེས། ལས་དོན་གང་གི་ཐད་ལའང་གྲུབ་འབྲས་འབུར་དུ་ཐོན་པ་འབྱུང་དཀའ་ཚུལ། འབྱུང་འགྱུར་བོད་གཞུང་གི་གནས་བབས་ཇི་ལྟར་ཆགས་མིན། ད་ལྟའི་སྲི་ཞུ་བ་ཚོའི་ལག་ཏུ་ཡོད་པས་ངེས་པར་དུ་རང་ཉིད་ཀྱི་ལས་དོན་གལ་ཆེན་འཛིན་དགོས་པ་དང། དེ་བཞིན་སྤྱི་ཚོགས་འདི་འདྲ་བར་སྲི་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྒོམ་དགོས་པ་བཅས་ཀྱི་ལམ་སྟོན་གནང་སོང།
ཟབ་སྦྱོང་གོ་སྒྲིག་པས་འདི་གའི་གསར་འགོད་པར། སྔོན་མ་ང་ཚོས་བུད་མེད་ཚོས་ནང་གི་ལས་ཀ་བྱེད་སྟངས་ནས་མཚོན་པའི་ལས་དོན་བྱེད་ཕྱོགས་དང། སྤྱི་ཚོགས་ཁྲོད་རང་ཉིད་ལ་མཐོང་ཆེན་འཛིན་སྟངས། དོགས་པ་རྣམ་རྟོག་བྱེད་མི་རུང་བའི་སྐོར་ཟབ་སྦྱོང་སྣ་ཚོགས་སྤྲད་པ་རེད། ད་ཐེངས་ཀྱི་ཟབ་སྦྱོང་འདི་སྔོན་མའི་བུད་མེད་ནུས་ཤུགས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཁག་དང་མི་འདྲ་བར། བུད་མེད་ཚོས་འགན་འཁུར་སྣེ་ཁྲིད་ཇི་ལྟར་བྱེད་ཚུལ་གྱི་སྐོར་ཡིན་པ་དང། བོད་ཀྱི་བུད་མེད་ཚོར་མཚོན་ན། ད་ལྟའི་སྐབས་འགན་འཁུར་སྣེ་ཁྲིད་ཀྱི་བརྒྱ་ཆ་༢༠ ཙམ་མ་གཏོགས་ཟིན་གྱི་ཡོད་མ་རེད། མ་འོངས་པར་བུད་མེད་སྣེ་ཁྲིད་པ་མང་དུ་བཏང་ནས། འཛིན་སྐྱོང་བྱེད་སྟངས་དང་དེ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་སྐོར་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད།
དེ་བཞིན་ཟབ་སྦྱོང་སྤྲོད་མཁན་ལྡི་ལི་ནས་ལྕམ་ལི་ཌ་ཕེབས་ཡོད་པ་དང། ཁོང་ལོ་མང་པོའི་རིང་ལ་རྒྱལ་ཁབ་དང་ས་གནས་འདྲ་མིན་ནང་། འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་འདིའི་རིགས་སྤྲོད་མཁན་ཞིག་ཞིག་རེད། དེ་བཞིན་ཁོང་གི་ཕྱག་རོགས་ཨ་རི་ནས་ཕེབས་པ་རེད། ང་ཚོས་ཟབ་སྦྱོང་འདི་སྤྲད་ནས། མ་འོངས་པར་བུད་མེད་སྣེ་ཁྲིད་པ་མང་དུ་འགྲོ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང།
{jcomments on}