ཁེ་ན་ཌའི་གསར་འགོད་པའི་དྲི་བར་བཀའ་ལན་གནང་བ།

ཟླ་འདིའི་ཚེས་༢༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར། ༧གོང་ས་མཆོག་ཨ་རིར་ཕེབས་པ་དང་བསྟུན་ནས། ཉིན་གྲངས་འགའི་རིང་ཁེ་ན་ཌའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང། ཟླ་འདིའི་ཚེས་༢༣ ཉིན་༧གོང་ས་མཆོག་གིས་ཡུལ་དེའི་ནང་ཡོད་པའི་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་ཚོར་མཇལ་འཕྲད་སྐབས། གསར་འགོད་པ་ཞིག་གིས་བོད་རྒྱའི་འབྲེལ་མོལ་ད་བར་ཐེངས་དགུ་ཙམ་བྱས་ཡོད་ཀྱང་། བོད་ཀྱི་གནད་དོན་ཐད་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་མེད་པར་དགོངས་ཚུལ་གང་ཡོད་ཞུས་པར། ༧གོང་ས་མཆོག་གིས། རྒྱ་བོད་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པ་མ་ཟད། སྐབས་རེ་གཉེན་སྒྲིག་གི་འབྲེལ་བའང་བྱུང་ཡོད། སྐབས་རེ་ཕན་ཚུན་དམག་འཐབ་ཀྱང་བྱས་ཡོད། ༡༩༨༩ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་མ་རྫོགས་གོང་། བོད་ནང་རྒྱ་གཞུང་གི་སྲིད་བྱུས་དེ་དག་གིས་ཕན་གནོད་ཇི་ཡོད་མཚུངས་བསྡུར་སྐབས་ཕན་པ་ལས་གནོད་སྐྱོན་ཆེ་བ་ཡོད་སྐོར་གསུངས་ཡོད་ཅེས་དང།

ཁོང་གིས་མུ་མཐུད་ནས།  ང་རྒྱ་ནག་ཏུ་འགྲོ་བའི་སྐབས་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་དེར་དགའ་མོས་ཆེན་པོ་བྱུང། དེ་དུས་ངོས་རང་ཡང་དམར་ཤོག་གི་ཚོགས་མི་ཞིག་བྱེད་འདོད་བྱུང། ངོས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་དེ་མར་ཁེ་སི་རིང་ལུགས་དང་མཐུན་པ་ཞིག་ཡིན།  ང་མར་ཁེ་སི་རྗེས་འབྲང་པ་ཞིག་ཡིན་བསམ་པ་ལས་སི་ཏཱ་ལིང་དང་ལེ་ཉིན་གྱི་རྗེས་འབྲང་བ་ཞིག་མིན། འོན་ཀྱང་མཐའ་མ་དེར་མའོ་ཙེ་ཏུང་དང་རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས། དབང་ཆ་ཁོ་ན་འཛིན་རྒྱུར་བརྔམ་པར་བརྟེན་ད་ཆ་རྒྱ་ནག་གུང་ཁྲན་ཚོགས་པ་དེ། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་འོག་ཉམས་རྒུད་འགྲོ་བཞིན་ཡོད་དང། ཉམས་རྒུད་ཕྱིན་པའི་རྐྱེན་གྱིས་དམ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་ཆགས་ཡོད།  འོན་ཀྱང་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ། གནས་ཚུལ་ངོ་མ་གང་ཡིན་རྟོགས་ཞིབ་བྱ་རྒྱུའི་ནུས་པ་དང་ཐོབ་ཐང་ཡོད་སྟབས། རྒྱ་ནག་གཞུང་གིས་གནས་ཚུལ་ངོ་མ་ཤེས་རྒྱུར་དམ་བསྒྲགས་བྱས་པ་དེས་མི་མང་གིས་གཞུང་ལ་ཡིད་ཆེས་བརླག་གི་ཡོད། རྒྱ་ནག་གཞུང་གིས་རྒྱ་ནག་ནང་དམ་བསྒྲགས་བྱེད་ཐུབ་ཀྱང་འཛམ་གླིང་གི་ཡུལ་གྲུ་གཞན་ནང་དམ་བསྒྲགས་བྱེད་མི་ཐུབ། ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་དགོས་སྐོར་ཤོད་ཀྱི་ཡོད་ཀྱང་། དེ་ཡོང་བར་གཞུང་དང་མི་མང་ཕན་ཚུན་བར་ཡིད་ཆེས་དགོས། རྒྱ་ནག་སྤྱི་ཚོགས་དེ་གུ་ཡངས་དང་རང་དབང་ཡོད་པ་ཞིག་ཆགས་ཐུབ་ཚེ་བོད་ཀྱི་གནད་དོན་ཡང་སེལ་ཐུབ།   བོད་མི་ཚོས་ཀྱང་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་འདོད་ཀྱི་ཡོད། ཁེ་ཎ་ཌར་སླེབས་པའི་བོད་མི་ཚོ་ཡང་ཆོས་དོན་དུ་གཉེར་ནས་ཡོང་བ་ཞིག་མིན་པར་དངུལ་གྱི་ཆེད་དུ་ཡོང་བ་ཞིག་ཕལ་ཆེར་རེད། བོད་མི་ཚོས་ཀྱང་བདེ་བ་འདོད་ཀྱི་ཡོད། ལོ་མང་རིང་ནས་ང་ཚོས་རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་བ་བྱེད་རྒྱུའི་ཐབས་ཤེས་གང་ཡོང་བྱས་ཀྱང་ཚུར་ཡ་ལེན་དེ་ཙམ་བྱས་མེད། འོན་ཀྱང་གནམ་བདེ་སྒོ་མོའི་གནད་དོན་བྱུང་རྗེས་རྒྱ་ནག་མི་མང་གིས་ཚུར་འབྲེལ་བ་བྱེད་རྒྱུ་ཏོག་ཙམ་ལེགས་སུ་ཕྱིན་སོང། དེ་ནས་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་མི་མང་གིས་བོད་དོན་ལ་དོ་སྣང་ཆེ་རུ་ཕྱིན་པ་དང། ངོས་ནས་བོད་མི་རིགས་དང་རྒྱ་ནག་མི་རིགས་གཉིས་དབར་མཛའ་འབྲེལ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུ་མུས་ཡིན། ངོས་རང་བོད་མི་ཞིག་ཡིན་པ་དང། ཏཱ་ལའི་བླ་མའི་མིང་ཞིག་འཁྱེར་ཡོད་སྟབས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་ངོས་ལ་ཡིད་ཆེས་ཤུགས༌ཆེ་བྱས་པར་བརྟེན། བོད་ཀྱི་གནད་དོན་སེལ་སླད་ངོས་ལའང་འགན་ཡོད་ཅེས་གསུངས་ཡོད་པ་རེད།

ཡང་གསར་འགོད་པ་ཞིག་གིས་རྒྱ་གར་གཞུང་ནས་བོད་རྒྱ་འབྲེལ་མོལ་ཐད་ལ་རོགས་རམ་ཇི་ཙམ་ཡོད་སྐོར་བཀའ་འདྲི་ཞུས་པའི་ལན་དུ།  རྒྱ་གར་གཞུང་གིས་བོད་དོན་ལ་བཟང་སྤྱོད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། བོད་རྒྱ་འབྲེལ་མོལ་ཐད་ལ་ང་ཚོས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་པ་ལས་རྒྱ་གར་དང་འབྲེལ་བ་གང་ཡང་མེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་མོ་རར་ཇི་སྡེ་སའི་རྒྱ་གར་དང་བོད་གཉིས་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡལ་ག་ལྟ་བུ་ཡིན་ཞེས་གསུངས་ཡོད།  འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་ཆོས་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོད་པ་མ་ཟད། རྒྱ་གར་གྱི་གཙང་ཆུ་དང་ཆུ་ཆེན་ཁག་མང་པོ་ཞིག་ཀྱང་བོད་ནས་ཡོང་གི་ཡོད་པར་བརྟེན། ཡུལ་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་ཅེས་གསུངས་ཡོད་པ་རེད།

དེ་རྗེས་གསར་འགོད་པ་གཅིག་གིས་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེས། རྒྱ་ནག་ནང་མང་གཙོ་ཡར་རྒྱས་འགྲོ་རྒྱུར་ཕན་གནོད་ཇི་ཡོད་གྱི་དགོངས་ཚུལ་ཡོད་མེད་ཞུས་པའི་ལན་དུ། སྐུ་ཞབས་ལིའུ་ཞའོ་པོའི་སྙིང་སྟོབས་ལ་སྔགས་བརྗོད་ཀྱི་གཟེངས་རྟགས་དེས་ད་ལྟ་གང་ཡོང་བརྗོད་མི་ཐུབ་ཀྱང་། མ་འོངས་པར་རྒྱ་ནག་ནང་མང་གཙོ་འཕེལ་རྒྱས་འགྲོ་རྒྱུར་ཏན་ཏན་ཕན་གྱི་རེད་ཅེས་གསུངས་པ་དང། ཡང་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་དུས་རྟག་ཏུ་ཐུགས་སྤྲོ་སྣང་ཆེན་པོ་ཡོད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པའི་ལན་དུ།  དེ་ནི་ངོས་ཀྱི་སྤུན་མཆེད་གཅིག་མ་གཏོགས་གཞན་ཚང་མ་སྣང་བ་སྐྱིད་པོ་ཡོད་པས་རིགས་རྒྱུན་གྱི་རྒྱུ་མཚན་ཡིན་སྲིད།  ཡང་ན་བོད་ཀྱི་ས་ཆ་དེ་གཞི་རྒྱ་ཆེ་ལ་མི་ཉུང་ཉུང་ལས་མེད་སྟབས། མི་ཕན་ཚུན་འཕྲད་སྐབས་སེམས་ལ་དགའ་འཚོར་ཆེན་པོ་ཡོང་གི་ཡོད་པ་སོགས་ས་ཆའི་ཆགས་སྟངས་དང་འབྲེལ་བ་ཡོད་སྲིད། དེ་མིན་གཞན་དམིགས་བསལ་རྒྱུ་མཚན་གང་ཡང་མེད་སྟབས་ཚན་རིག་པ་ཚོས་དེར་རྟག་དཔྱད་ཞིག་བྱས་ན་ཤེས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།{jcomments on}