པཱོ་ལན་ཌི་བོད་ཀྱི་ལམ་མདོ།

ཟླ་འདིའི་ཚེས་༢༤ ཉིན་པོ་ལན་ཌེ་རྒྱལ་ས་ཝར་སོའི་མངའ་ཁོངས་ཝོ་ལ་རྫོང་ཞེས་པའི་ཁུལ་དུ། བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ། གཞུང་འབྲེལ་གྱི་རྒྱ་ལམ་ཞིག་ལ་བོད་ཀྱི་ལམ་མདོ་ཞེས་མིང་བཏགས་ཏེ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་པ་དང། མཛད་སྒོ་དེར་ཝར་སོའི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་ཧ་ན་མཆོག་དང། སྤྱི་ཁྱབ་གཞོན་པ། བོད་དོན་རྒྱབ་སྐྱོར་བ། བོད་རིགས་ཁག་གཅིག་དང་སྐུ་མགྲོན་བཅས་མཉམ་ཞུགས་གནང་ཡོད་པ་དང། དབུ་འབྱེད་ཀྱི་མཛད་སྒོ་དེ་གཙོ་བོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་དང་། ༢༠༠༩ ལོར་༧གོང་ས་མཆོག་ལ་རྒྱལ་ས་ཝར་སོའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་པའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང།  དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།

ངོས་ཀྱིས་བོད་ཀྱི་ལམ་མདོ་ཞེས་པ་གསར་འཛུགས་གནང་བ་དེ་ནི། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་དུ། བོད་མི་ཚོས་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལམ་ནས་འཐབ་རྩོད་བྱས་པ་དེར་རྒྱབ་སྐྱོར་གནང་བར་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་བཞིན་ཝར་སོ་གཞུང་དང་མི་མང་གིས་བོད་མི་ཚོར་སླར་ཡང་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་སོགས་འཁོད་ཡོད་པ་རེད།

མཛད་སྒོའི་ཐོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧཱ་ན་ལགས་ཀྱིས་གསུང་བཤད་གནང་དོན། བོད་ཀྱི་ལམ་མདོ་འདི་ནི་ཞི་བདེར་དགའ་བའི་བོད་མི་རྣམས་ཀྱིས། རང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་ལ་གུས་བཀུར་མཚོན་ཆེད་དུ་གསར་འཛུགས་བྱས་པ་ཞིག་ཡིན་ཞིང། པོ་ལེན་ཌའི་རྒྱལ་ས་ཝར་སོ་ནི་རང་དབང་དང་སྙིང་སྟོབས་ཀྱི་གྲོང་ཁྱེར་ཞིག་ཡིན། བོད་མི་རྣམས་ཀྱིས་རང་གི་ངོ་བོ་སྲུང་སྐྱོབ་ཐུབ་པ་མ་ཟད། རང་དབང་ཐོག་རང་གི་ལེགས་བྱང་རྒྱུན་འཛིན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་སོགས་གསུངས་ནས། མཛད་སྒོའི་མཇུག་བསྡོམས་ཐོག་པོ་ལན་ཌེའི་བོད་རིགས་མཐུན་ཚོགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་པ་སོགས། ཡུལ་དེའི་མི་མང་གིས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་དུ། དགའ་བའི་ཐལ་མོ་བརྡབ་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།།{jcomments on}