རྒྱལ་ཁབ་༢༢ ནང་སྦག་སྦག་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ།

lakpatserin_28_octobet 2དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་སྐབས། དེར་མི་མང་ཧ་ཅང་མང་པོས་སྣེ་ལེན་དགའ་བསུ་བྱས་པ་དང་། དགོང་མོ་དེར་ལས་འགུལ་ངོ་སྤྲོད་ཀྱི་གཏམ་བཤད་ཅིག་གོ་སྒྲིག་བྱས་འདུག
སྐབས་དེར་ལྷག་པ་ཚེ་རིང་ལགས་ཀྱིས་ཁོང་གི་མི་ཚང་སྐྱོ་པོ་ཞིག་གི་ཕྲུ་གུ་ཡིན་པས། དང་ཐོག་བོད་ཁྱིམ་སློབ་གྲྭ་ནས་འཚར་ལོངས་བྱུང་སྟངས། དེ་སྔོན་ཞི་བའི་གོམ་བགྲོད་སོགས་ལས་འགུལ་སྤེལ་བ་ཁག་ངོ་སྤྲོད་མདོར་བསྡུས་གནང་བ་དང་སྦྲགས། ཁོང་གིས་“ངའི་སྐྱེ་དམན་ལ་དང་པོ་ཐུག་སྐབས་ངས་བོད་དོན་ཆེད་ལས་འགུལ་ངེས་ཅན་ཞིག་སྤེལ་དགོས་ཀྱི་ཡོད། དེར་བརྟེན་ཁྱེད་ཀྱིས་མོས་མཐུན་གནང་ཐུབ་ན་ངེད་གཉིས་མཉམ་པོར་བསྡད་ཆོག་གི་རེེད་ཅེས་དྲིས་པ་ཡིན། མོས་ཀྱང་མོས་མཐུན་བྱས་ཏེ་ང་གཉིས་མཉམ་པོར་བསྡད་པ་རེད། ད་ལྟ་ངེད་གཉིས་ལ་ཕྲུ་གུ་ལོ་གསུམ་ཅན་ཞིག་ཡོད་”ཅེས་ཁོང་གི་མི་ཚེའི་བརྒྱུད་རིམ་དང་ནང་མིའི་གནས་སྟངས་སོགས་ངོ་སྤྲོད་གནང་སོང།

དེ་རྗེས་ལས་འགུལ་མུ་མཐུད་ཚང་མས་སྤེལ་དགོས་དོན་སྐོར་གསུང་དོན། “ང་རང་ཨ་རི་ལ་འབྱོར་ནས་ལོ་བཅོ་ལྔ་ཙམ་ཡིན་ལ། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནས་བོད་ནང་ཡར་ལངས་བྱེད་སྐབས། ང་ནིའུ་ཡོག་ཏུ་ཡོད། ཨ་རིའི་ནང་གནམ་གཤིས་གྲང་བའི་སྐབས་ཚ་གློག་དང་། ཚ་བའི་སྐབས་གྲང་གློག་འདུག་ལ། འཚོ་གོས་ཡག་པོ་དང་མཐུན་རྐྱེན་འཛོམས་པོ་རེད། སོ་སོ་ཡིན་ནའང་སྐྱིད་པོ་འདུག ཡིན་ནའང་སྐྱིད་པོ་དེ་སྐྱིད་པོའི་གོ་ཆོད་མ་སོང་། བོད་ནང་གི་མི་མང་ང་ཚོའི་ཤ་ཁྲག་གཅིག་པ་དེ་ཚོར་དཀའ་ངལ་བྱུང་དུས་ང་སྐྱིད་པོ་བྱས་ཏེ་བསྡད་ན་འགྲིག་མ་སོང་བསམས་ནས། ༢༠༡༠ ཕྱི་ཟླ་༣ པའི་ཚེས་༡༠ ཉིན་སྦག་སྦག་སྐོར་བསྐྱོད་དེ་འཛུགས་བྱེད་རྒྱུ་ཐག་བཅད་པ་ཡིན། ཕྱི་རྒྱལ་ཁག་གི་ནང་སྐོར་བསྐྱོད་སྐབས་བོད་དོན་དང་བོད་པའི་དར་ཆ་མི་ཤེས་མཁན་མང་པོ་ལ་ཐུག་གི་འདུག དེ་ཚོར་འབྲེལ་བཤད་རྒྱག་ཞོར་དུ་ཕྱིན་པ་ཡིན། ང་ཚོ་གང་ལ་སོང་ན་རང་དབང་ཡོད་པ་རེད། བོད་ནང་དེ་ལྟར་ཡོད་པ་མ་རེད། རང་དབང་ལུང་པར་ཡོད་མཁན་ཚོས་གསུམ་བཅུའི་དུས་དྲན་གཅིག་པུ་བསྒུག་བསྡད་ན་ཕན་ཐོགས་མི་འདུག ཕྱི་རྒྱལ་ཁག་གི་ནང་དུ་ང་བོད་པ་ཡིན་ཟེར་དུས། བོད་པ་རྒྱ་མི་རེད་ཟེར་མཁན་འདུག མི་རེས་དེ་ཚོ་ངོ་སྤྲོད་ཁྱབ་བསྒྲགས་བྱས་ན་ཕན་ཐོགས་ཡོང་གི་རེད། མི་རེའི་ལས་ཀ་འདི་ལྟར་བྱས་ན། རྒྱ་ནག་གིས་བོད་པ་གཞོན་སྐྱེས་ཚོ་སེམས་ཤུགས་ཆག་མི་འདུག བོད་དོན་སྐོར་ལ་ལས་ཀ་བྱེད་ཀྱི་འདུག་བསམ་པའི་དོ་སྣང་ཞིག་ཡོང་གི་རེད། བོད་ནང་དུ་ཡོད་པའི་བོད་པ་ཞིག་ཡིན་ནའང་རང་དབང་ལུང་པར་ཡོད་མཁན་ཚོས་བོད་དོན་ལས་ཀ་བྱེད་ཀྱི་འདུག་བསམ་ནས། སེམས་ཤུགས་འཕར་གྱི་རེད། ང་ཚོ་རྒྱ་གར་དུ་ཡོད་མཁན་ཚོར་ཡང་སོ་སོར་ལུང་པ་མེད་པ་ལ་བརྟེན་ནས། མཚམས་རེར་དཀའ་ངལ་འཕྲད་ཀྱི་རེད། ཚང་མས་བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་རོགས་”ཞེས་རྒྱལ་ཁབ་༢༢ ནང་སྐོར་བསྐྱོད་བྱས་པའི་བརྒྱུད་རིམ་ངོ་སྤྲོད་གནང་སོང་།  

lakpatserin_28_octobet 4སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ལྷན། ལག་རྟགས་དང་མཇལ་དར་ཕུལ་སོང་ལ། ཁོང་གིས་ལྷག་པ་ཚེ་རིང་ལགས་ལ་ང་ཚོའི་གཞོན་སྐྱེས་ཚོས་མིག་དཔེ་ལྟ་དགོས་པ། ལས་འགུལ་རླབས་ཆེན་ཞིག་སྤེལ་ཡོང་དུས། རྒྱ་ནག་ལ་ག་རེ་བརྡ་ལན་སྤྲད་ཡོད་རེད་ཟེར་ན། ཁྱེད་ཚོ་སྟོབས་ཆེན་ག་ཚད་ཆགས་ནའང་། ང་ཚོ་ད་དུང་སྲ་ཐག་ཐག་ཡོད་ཟེར་བའི་ལན་ཞིག་སྤྲད་པ་དང་། དེ་བཞིན་ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོས་མི་རེ་ངོ་རེ་ནས་འདི་ལྟར་སེམས་ཤུགས་འཆང་བ་དང་། ལས་འགུལ་སྤེལ་ཐུབ་པ་ཡིན་ན། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གཉིས་པ་ཆགས་ཀྱི་ཡོད་རེད་དེ། ང་ཚོས་ཁ་གཏད་བཅག་ནས། བོད་རང་བཙན་སྐྱར་གསོ་བྱེད་ཐུབ་པའི་གདེང་ཚོད་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
དེ་རྗེས་ཁོང་ལ་མི་མང་གིས་ཐུགས་རྗེ་ཆེ་ཞུས་ཁ་བཏགས་གཡོག་པ་དང་། ལས་འགུལ་ངོ་སྤྲོད་ཀྱི་གཏམ་བཤད་དེ་མཇུག་བསྡུས་ཡོད་པ་རེད།།{jcomments on}