ཡུ་གུར་སློབ་མས་བོད་པའི་སློབ་མ་ཚོའི་གྱེན་ལངས་ལ་རྒྱབ་སྐྱོར།

ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བའི་བོད་པའི་སློབ་མ་སྟོང་ཚོ་མང་པོས། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས། རྒྱ་ནག་གཞུང་གི་སྲིད་ཇུས་བོད་པའི་སློབ་གྲྭ་ཁག་གི་སློབ་ཚན་བསྒྱུར་བཅོས་ལ་ངོ་རྒོལ་དང་། བོད་པའི་སློབ་མ་ཚོར་ཁྲིམས་ལུགས་ལྟར་བོད་ཡིག་སྦྱོང་རྒྱུའི་ཐོབ་ཐང་དགོས་པའི་ཁྲོམ་སྐོར་ཆེན་པོ་ཞིག་བྱས་ཡོད་པ་དེ། དེང་སྐབས་འཛམ་གླིང་གི་ས་གནས་གང་སར་ཁྱབ་ཟིན་པ་དང། ངོ་རྒོལ་དེ་རྒྱ་ནག་གཞུང་ཕྱོགས་ནས་བཀག་འགོག་བྱས་དང་བྱེད་མུས་ཡིན་འདུག དམིགས་སུ་བཀར་ནས་རྒྱ་ནག་urgur studentsགི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང། དེ་དང་དེ་འདྲ་བའི་གྱེན་ལངས་ཡོང་བར་དོགས་ནས། རྒྱ་ནག་གཞུང་གིས་དྲ་རྒྱ་དང་བརྒྱུད་ལམ་སོགས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང། ཉེ་དུས་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་སློབ་མ་དང་དགེ་རྒན་ཚང་མས། སྐད་ཡིག་རང་དབང་གི་ཆེད་དུ་བོད་རིགས་སློབ་མའི་ཁྲོམ་སྐོར་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།
པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཡུ་གུར་བ་ཊོ་ཧི་དང། ཡུ་གུར་དྲ་གནས་ཀྱི་དོ་དམ་པ་གཉིས་ལ་ཁ་པར་བརྒྱུད་ནས་འབྲེལ་བ་བྱེད་སྐབས། སློབ་དཔོན་ཊོ་ཧི་མཆོག་གིས་གསུང་དོན། “ཡུ་གུར་སློབ་མ་ཚོས་རང་ཉིད་ཀྱི་འཛིན་གྲོགས་བོད་རིགས་སློབ་མ་ཚོ་དང་ལྷན་དུ་ཁྲོམ་སྐོར་བྱེད་རྒྱུ་སྐོམ་པ་ཆུ་འདོད་ལྟར་བྱེད་ཀྱི་འདུག མཚོ་སྔོན་དུ་བོད་རིགས་སློབ་མ་ཚོས་ཁྲོམ་སྐོར་འགོ་བཙུགས་པ་དང།  ང་ཚོའི་སློབ་གྲྭ་ཆེན་མོར་ཡོད་པའི་ཡུ་གུར་སློབ་མ་ཚང་མས་རྒྱབ་སྐྱོར་བྱས་སོང། སློབ་མ་འགའ་ངའི་ལས་ཁུངས་ནང་ཡོང་ནས་ཁོ་ཚོ་བོད་རིགས་སློབ་མ་དང་ལྷན་དུ་ཁྲོམ་སྐོར་ལ་འགྲོ་འདོད་ཡོད་ཅེས་བརྗོད་བྱུང། ཡིན་ནའང་ངས་ང་ཚོས་ཁྲོམ་སྐོར་མེད་པའི་ཐོག་ནས། བོད་རིགས་སློབ་མ་དེ་དག་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་རེད། གལ་སྲིད་ང་ཚོ་ཁྲོམ་སྐོར་དེའི་ནང་ཞུགས་པ་ཡིན་ན། ང་ཚོ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པ་ངེས་གཏན་རེད་ཅེས་སློབ་སྟོན་བྱས་པ་ཡིན། རྗེས་སུ་སློབ་གྲྭའི་བདེ་སྲུང་མི་སྣས་ང་ལ་དོགས་ཟོན་བྱས་པ་དང། ཉིན་ཤས་ཀྱི་རྗེས་སུ་པེ་ཅིང་ཉེན་རྟོག་པ་ངའི་སར་ཡོང་ནས། བོད་ནང་གི་སློབ་མའི་ཁྲོམ་སྐོར་ལ་བསམ་ཚུལ་གང་ཡོད་དྲིས་བྱུང་བའི་ལན་དུ། ཤིན་ཅང་ནང་གི་ཤེས་ཡོན་སྲིད་ཇུས་ལ། དབུས་གཞུང་གིས་ངེས་པར་དུ་གཟབ་གཟབ་བྱེད་དགོས་ཞེས་བརྗོད་པ་ཡིན། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་གྱི་ལམ་ལུགས་དེ་འདྲ་བ། ལོ་མང་པོའི་སྔོན་ནས་ཤིན་ཅང་ས་ཁུལ་དུ་ལག་བསྟར་བྱས་དང་བྱེད་མུས་རེད། ཡུ་གུར་མི་མང་གིས་འདིའི་ཐད་ལ་ཉམས་མྱོང་མང་པོ་བསགས་ཡོད་པ་རེད། རྒྱ་ནག་དབུས་གཞུང་གིས་སྲིད་ཇུས་འདི་ལ་འགྱུར་ལྡོག་ཅིག་མ་བཏང་ན། བོད་ནང་གི་ངོ་རྒོལ་གྱི་ཁྲོམ་སྐོར་འདི་འདྲ་བ་ཡུ་གུར་ས་ཁུལ་དུ་ཡོང་རྒྱུ་གཏན་འཁེལ་བ་རེད་ལ། ཡང་ཡུ་གུར་ས་ཁུལ་དུ་ལོ་སྔོན་མའི་གྱེན་ལངས་ལྟར་ཟླ་༧ ཚེས་༥ གཞན་ཞིག་ཡོང་གི་རེད་”ཅེས་བརྗོད་ཡོད་པ་རེད།

མིང་བརྗོད་འདོད་མེད་པའི་ཡུ་གུར་མི་རིགས་ཀྱི་དགེ་རྒན་བུད་མེད་ཅིག་གིས། “ཡུ་གུར་སློབ་མ་དང་དགེ་རྒན་ཚང་མས། བོད་རིགས་སློབ་མ་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱུ་མཚན་ནི་བོད་རིགས་སློབ་མའི་དཀའ་ངལ་དང་ང་ཚོའི་དཀའ་ངལ་གཅིག་མཚུངས་རེད། ང་ཚོས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བཏང། སློབ་མ་ཚོས་རང་ཉིད་ཀྱི་རིག་གཞུང་ལ་སྦྱང་བརྩོན་བྱས་ན། ང་ཚོ་ཡུ་གུར་མི་རིགས་འདི་གསོན་གནས་ཐུབ་ཀྱི་རེད། རྒྱ་ནག་གཞུང་གི་སྐད་ཡིག་གཉིས་ལྡན་གྱི་སྲིད་ཇུས་བཟོས་ཡོད་པ་དེར། ས་གནས་སྲིད་གཞུང་གིས་ས་གནས་མི་མང་གི་འདོད་པ་གང་ཡིན་སྐད་ཆ་འདྲི་དགོས་ངེས་རེད་དེ་གང་ཡང་དྲིས་མ་སོང། ང་ཚོ་ཡུ་གུར་མི་རིགས་ཀྱི་ཤེས་ཡོན་སྲིད་ཇུས་འདི་ལ་མོས་མཐུན་གཏན་ནས་མེད་ཀྱང། ད་ལྟའི་བར་འདིའི་སྐོར་སྐད་ཆ་འདྲི་མཁན་མི་འདུག ས་གནས་སྲིད་གཞུང་གི་ནོར་འཁྲུལ་གྱི་ལས་དོན་འདིའི་སྒང་ལ། དབུས་གཞུང་གི་ངོས་ནས་མི་མང་ལ་ཤེས་ཡོན་སྲིད་ཇུས་དེ་བཙན་སྐུལ་བྱེད་མི་རུང་བ་རེད། དམིགས་སུ་བཀར་ནས་ཡུ་གུར་གྱི་སྔོན་འགྲོའི་སློབ་མ་ཚོར་དེ་ལྟར་བྱེད་མི་རུང་བ་རེད་”ཅེས་དང།
ཁོང་གིས་མུ་མཐུད་ནས། “དབུས་གཞུང་གིས་ཤིན་ཅང་གི་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞིའི་ནང། བཙན་གྱིས་རྒྱ་སྐད་བཞག་པའི་ཤུགས་རྐྱེན་གྱིས། དེང་སྐབས་ས་གནས་སུ་ཡུ་གུར་དགེ་རྒན་མང་པོ་ཞིག་གིས་རྒྱ་ཡིག་ཡག་པོ་ཤེས་ཀྱི་མེད་པས། ལས་ཀ་ཤོར་གྱི་ཡོད་པ་དང་མཐོ་སློབ་མང་པོ་ཞིག་གི་སློབ་མ་ཚོས། སློབ་སྦྱོང་དང་སློབ་མཐར་ཕྱིན་ཐབས་ལ་དོ་སྣང་བྱེད་ཀྱི་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པས། གྲངས་ཉུང་མི་རིགས་འདིའི་སློབ་མཐར་སོན་མཁན་ཚོས་རྒྱ་སྐད་རྒྱག་གི་ཡོད་པ་དང། སློབ་གྲྭ་ཆ་ཚང་སོང་མེད་མཁན་ཚོར་ཡུ་གུར་དང་རྒྱ་ཡིག་གཉིས་ཀ་མི་ཤེས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་”ཅེས་བརྗོད་ཡོད་པ་རེད།

ཡུ་གུར་སློབ་མ་གཅིག་གིས། “པེ་ཅིང་དུ་ཡོད་པའི་ཡུ་གུར་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས། བོད་ནང་གི་སློབ་མའི་ཁྲོམ་སྐོར་གྱི་སྐོར་ལ་དོ་སྣང་ཆེན་པོ་བྱས་ཏེ་སྐད་ཆ་ཤོད་ཀྱི་འདུག་ལ། ཡུ་གུར་དྲ་གནས་ཐོག་བགྲོ་གླེང་ཡང་མང་པོ་བྱས་ཡོད་པ་རེད། སློབ་མ་དེ་དག་གི་བོད་ནང་གི་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག ཡིན་ནའང་ཤིན་ཅང་དང་པེ་ཅིང་དུ་ཡོད་པའི་ཡུ་གུར་སློབ་མ་ཚང་མར་། རྒྱ་ནག་གཞུང་གི་དོགས་ཟོན་དང་དམ་དྲག་བྱེད་ཀྱི་འདུག མ་ཟད་སློབ་མ་ཚོའི་ཕ་མ་ལ་སློབ་གྲྭའི་བདེ་སྲུང་མི་སྣས་ཁ་པར་བཏང་སྟེ། ཕྲུ་གུ་ཚོར་བསླབ་བྱ་བརྒྱབ་ནས་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བར་བཀག་འགོག་བྱེད་དགོས་”ཞེས་བརྗོད་ཡོད་པ་རེད།

དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཡུ་གུར་བ་མི་མང་པོས། བོད་ནང་གི་སློབ་མའི་ཁྲོམ་སྐོར་ལ་རྒྱབ་སྐྱོར་གྱི་གཏམ་བཤད་མང་པོ་སྤེལ་ཡོད་པ་དང། མང་ཆེ་བས་རྒྱ་ནག་དབུས་གཞུང་གི་ཤེས་ཡོན་སྲིད་ཇུས་ཀྱིས། ཡུ་གུར་དང་བོད་གྲངས་ཉུང་མི་རིགས་རྩ་མེད་གཏོང་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་དང།  སྲིད་ཇུས་དེར་འགྱུར་ལྡོག་མ་བཏང་ན་གྲངས་ཉུང་མི་རིགས་ཚོས། ཁྲིམས་ལུགས་ཀྱི་ཐོབ་ཐང་དང་རང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་ཆེད། ག་དུས་ཡིན་ཡང་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་རྒྱུ་ཡིན་པས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་བཏང་བའི་སྲིད་ཇུས་དེ་མཚམས་འཇོག་བྱེད་དགོས་ཞེས། ཡིག་ངག་གཉིས་ཐོག་ནས་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།{jcomments on}