གནམ་འོག་གི་སྐད་ཡིག་ཚང་མ་འདྲ་མཉམ་ཡིན།

གནམ་འོག་གི་མི་ཚང་མས་སོ་སོའི་སྐད་ཡིག་དར་སྤེལ་དང་རིག་གཞུང་སྲུང་སྐྱོབ། མི་རིགས་འདྲ་མཉམ་བཅས་ཀྱི་ལངས་ཕྱོགས་གཙིགས་སུ་བཟུང་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་ཀྱིན་པའི་སྐབས་འདིར་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་དང་འབྲེལ་ཡོད་སློབ་གསོ་སྡེ་ཁག་ནས་གློ་བུར་དུ་སློབ་གསོ་བཅོས་བསྒྱུར་གྱི་ལས་གཞི་འདི་འདྲ་ཞིག་གཏན་འབེབ་ལག་བསྟར་བྱས་པར་ང་ཚོ་ཚང་མར་བློ་ཕམ་ཚད་མེད་བྱུང་ཞིང་། གནས་ཚུལ་འདི་ཐོས་འཕྲལ་ང་ཚོས་ཉེན་ཁའི་གནས་སུ་གྱར་ཅིང་རྐང་ཞ་ལག་ལྡུམ་དུ་བཏང་བའི་བོད་ཀྱི་སྐད་ཡིག་འདིའི་ཐོག་ཡང་བསྐྱར་རིག་གནས་གསར་བརྗེ་ལྟ་བུའི་གོད་ཆག་འབྱུང་སྲིད་པར་སེམས་ཚབས་ཆེན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་<< སྤྱི་ལོ་༢༠༡༠ནས་༢༠༢༠ བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད>>ཅེས་པ་འདི་ཕྱོགས་གཅིག་ནས་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཤོད་ཀྱིན་པའི་འཆམ་མཐུན་སྤྱི་ཚོགས་ཤིག་ཡོང་བར་འགོག་རྐྱེན་དུ་གྱུར་ཡོད་པས། གོང་རིམ་ནས་དངོས་ཐོག་བདེན་འཚོལ་གྱིས་སྲིད་ཇུས་འདི་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ནན་གྱིས་ཞུ་བཞིན་ཡོད།

དེ་ཡང་སྲིད་ཇུས་འདི་ནི་རྒྱ་ནག་གི་རྩ་ཁྲིམས་དང་མི་མཐུན་པ་དང་། མི་མང་གི་མངོན་འདོད་དང་མི་མཐུན་པ། སྐད་ཡིག་དང་རིག་གཞུང་འདྲ་མཉམ་གྱི་སྲིད་བྱུས་དང་མི་མཐུན་པ། གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་དང་མི་མཐུན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སློབ་གསོ་སྡེ་ཁག་བཅས་ལ་འབོད་སྐུལ་ཞུ་རྒྱུ་ལགས་ན་འབྲེལ་ཡོད་འགན་ཁུར་པ་ཡོངས་ཀྱིས་གཤམ་གྱི་ང་ཚོའི་འབོད་སྐུལ་འདི་དག་ལ་ཆབ་སྲིད་ཀྱི་ཞྭ་མོ་བསྐོན་ནས་གོ་བ་ལོག་སྒྲུབ་མི་བྱེད་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

༡ རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་མི་བྱེད་པའི་འབོད་སྐུལ།

དེང་སྐབས་འཛམ་གླིང་འདིའི་སྟེང་གི་སྐད་ཡིག་ཅིག་ཡིན་ཕྱིན། དེའི་ཁྱབ་རྒྱ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་མ་ལྟོས་པར་སྐད་ཡིག་ཚང་མར་ལྟ་སྟངས་གཅིག་གྱུར་འཛིན་དགོས་པར་འདོད་ཀྱིན་ཡོད། རྒྱུ་མཚན་ནི་སྐད་ཡིག་ཡོད་ཚད་སྲུང་སྐྱོབ་དང་རིག་གཞུང་ཡོད་ཚད་འདྲ་མཉམ་ཡིན་པའི་འདུ་ཤེས་འཛིན་འོས་པས་ཡིན། ང་ཚོ་ཚང་མ་དམིགས་འདུན་གཅིག་གི་སླད་གོ་ལ་གཅིག་གྱུར་གྱི་ལམ་དུ་སྐྱོད་དགོས་པ་རྒྱུ་མཚན་དུ་བྱས་ནས་སྐད་ཡིག་ལ་འདྲ་མཉམ་གྱི་ལྟ་སྟངས་མི་འཛིན་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པའི <<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།>> དོན་ཚན་བཅུ་པ་དང་ (མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བར་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ ) དོན་ཚན་ཉེར་གཅིག་པ།(མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང༌། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག)        དོན་ཚན་ཞེ་དགུ་བ་( མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བསྐུལ་བྱ་རྒྱུ། རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་དགོས་ལ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་ཉིད་མི་རིགས་ཀྱི་སྐད་ཡིག་སྦྱང་བ་དང་བེད་སྤྱོད་དགོས་པ་དང་འབྲེལ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱང་དགོས།  མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་ནས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་གཉིས་ཡན་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ ) བཅས་ལ་ཡོངས་སུ་རྒྱབ་འགལ་བྱས་ཡོད།

༢ མི་མང་གི་མངོན་འདོད་རྡོག་རོལ་མི་གཏོང་བའི་འབོད་སྐུལ།

ཉེ་ལམ་ཞིང་ཆེན་གཞུང་འཛིན་ཚོགས་པའི་དྲུང་ཆེ་གཞོན་པ་ཝང་ཅན་ཅོན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས་པར་ང་ཚོས་བསྔགས་བརྗོད་ཞུ་ཡི་ཡོད་ནའང་། ཡིད་སྐྱོ་བ་ཞིག་ལ་ཁོང་གིས་དངོས་ཐོག་བདེན་འཚོལ་མི་བྱེད་པར་གཡོན་ལྷུང་གི་བསམ་བློ་ལ་བརྟེན་ནས་བརྒྱ་ཁ་གཅིག་གཅོད་དང་རལ་གྲི་གནམ་གཡུག་གིས་ཐག་གཅོད་བྱས་པ་ཞིག་རེད།   ད་དུང་ཐེངས་འདིའི་སློབ་གསོ་བཅོས་བསྒྱུར་བྱེད་པའི་བྱ་ཐབས་དེ་ནི།   མི་མང་གི་མངོན་འདོད་དང་མཐུན་ཚུལ་སོགས་ཇི་སྙེད་ཅིག་བརྗོད་པ་དག་དངོས་ཡོད་གནས་ཚུལ་ཡིན་ཚེ། རེབ་གོང་ནས་པེ་ཅིན་བར་དུ་ཤེས་ཡོན་པའི་དཔུང་ཁག་དང་སློབ་ཕྲུག དགེ་རྒན། ད་དུང་དཀའ་ཁག་གི་སྐབས་སུ་རྒྱལ་ཁབ་འཛུགས་སྐྲུན་ཐད་བྱས་རྗེས་བླ་ལྷག་ཏུ་བཞག་མྱོང་བའི་བོད་རིགས་ལས་བྱེད་རྒན་ཡོལ་བ་ཐེ་བའི་མི་མང་ཆིག་ཁྲི་བརྒལ་བས་བསམ་འཆར་འདི་ལ་ངོ་རྒོལ་བྱེད་དགོས་དོན་གང་ཡིན་ནམ།  ཐེངས་འདིར་བཏོན་པའི་<< སྤྱི་ལོ་༢༠༡༠ནས་༢༠༢༠ བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད>>ཅེས་པ་འདིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་མི་རིགས་ཆེན་པོའི་སྐད་ཡིག་གི་ཤུགས་རྐྱེན་འོག་ནས་ཉམས་རྒུད་དུ་འགྲོ་ངེས་བར་བརྟེན། རྒྱ་ཆེའི་མི་མང་གི་མངོན་འདོད་མིན་པ་ནི་སྲིད་ཇུས་འདི་སྤེལ་ནས་ཉིན་ཤས་ལས་མ་སོང་བར་བསྟུད་མར་ངོ་རྒོལ་ལས་འགུལ་རབས་དང་རིམ་པ་སྤེལ་བ་འདིས་གསལ་བརྗོད་བྱས་ཡོད།  ཞིང་ཆེན་གཞུང་འཛིན་ཚོགས་པའི་དྲུང་ཆེ་གཞོན་པ་ཝང་ཅན་ཅོན་གྱི་”རྒྱང་རིང་བོར་འཕེལ་རྒྱས་སུ་གཏོང་བ་དང་མེས་རྒྱལ་དང་མི་རིགས། མི་རབས་རྗེས་མ་བཅས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས་ཁ་ཕྱོགས་རྒྱུན་འཁྱོངས་དང་གནས་བབ་དང་བསྟུན་པ། ལྷག་པར་དུ་ཆོས་ཉིད་ལ་བརྩི་འཇོག མི་དམངས་ཀྱི་འདོད་བློར་གོང་བཀུར་བྱེད་པ་” ཞེས་པའི་སྐད་ཆ་འདི་ལ་དེ་བས་ཀྱང་ཡིད་རྟོན་མི་རུང་བ་ཞིག་རེད། དེ་རིང་ད་དུང་ང་ཚོ་ཚང་མའི་སེམས་ལ་མན་ཇུ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཇི་ལྟར་ཉམས་རྒུད་སོང་བའི་གནད་དོན་དེ། ཁ་རྩང་རང་བྱུང་བ་ལྟར་ཧ་ཅང་གསལ་པོ་ཡོད་སྟབས། ཁོང་གིས་བཤད་པའི་སྐད་ཆ་དེའི་ཤུགས་ནས་སྔ་ཕྱི་ཙམ་གྱི་ཁྱད་པར་མ་གཏོགས་ང་ཚོ་ཡང་མན་ཇུ་མི་རིགས་ཀྱི་རྗེས་སུ་འདེད་རྒྱུ་ཡིན་པ་སྟོན་གྱི་འདུག སྐད་ཆ་དེའི་ཟུར་ནས་ང་ཚོས་མཐོང་བའི་མི་རིགས་མང་བོས་གྲུབ་པའི་རྒྱ་ནག་རྒྱལ་ཁབ་ཀྱི་གདོང་རིས་ནི་ཧྥ་ཤི་ཟི་དང་ན་ཛི་ཚོགས་པ་བསྐྱར་ལངས་བརྒྱབ་པ་ལྟར་མཐོང་གིན་འདུག

༣ སྐད་རིགས་འདྲ་མཉམ་གྱི་སྲིད་བྱུས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ།

ཞིང་ཆེན་གཞུང་འཛིན་ཚོགས་པའི་དྲུང་ཆེ་གཞོན་པ་ཝང་ཅན་ཅོན་གྱིས་”འབད་བརྩོན་གྱིས་སློབ་གསོ་འདྲ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས” ཞེས་པའི་སྐད་ཆ་འདི་བདེན་པ་ཡིན་ན་”༢༠༡༥ལོར་སླེབས་ཚེ། སློབ་ཆུང་ཁག་ཏུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང༌།  མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བཞག་ནས་༼སྐད་གཉིས༽ཀྱི་སློབ་ཁྲིད་བྱ་རྒྱུ་ལག་ལེན་དུ་བསྟར་དགོས། དེ་དང་འགྲོས་མཉམ་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མ་ཚོར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུ་” ཞེས་པའི་ནང་དོན་ཐད་ང་ཚོས་གོ་བ་ཇི་ལྟར་ལེན་དགོས་སམ། བྱེད་ཐབས་འདི་ནི་སྐད་ཡིག་དང་རིག་གཞུང་འདྲ་མཉམ་གྱི་ཁྲིམས་གཞི་ཁག་དང་འགལ་འདུག་པ་ནི། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་»ཀྱི་དོན་ཚན་བཞི་པའི་ནང་དུ། (མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད་པ་དང་། ཡང་ «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་» ཀྱི་དོན་ཚན་བཅུ་པའི་ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་དག་གིས་རང་ས་གནས་ཀྱི་མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་པར་ཁག་ཐེག་བྱེད་དགོས ) ཞེས་གཏན་འབེབས་བྱས་ཡོད།  ཐེངས་འདིའི་བྱེད་ཐབས་ཀྱིས་ང་ཚོར་ཅི་ཞིག་ཤེས་སུ་བཅུག་སོང་ཞེ་ན། རྒྱ་ནག་གི་དབང་འཛིན་པ་ཚོར་རྩ་ཁྲིམས་ནང་ལག་ལེན་དུ་ཇི་བཞིན་བསྟར་རྒྱུའི་ཆ་ཞིག་དང་མི་བསྟར་རྒྱུའི་ཆ་ཞིག་བཅས་ཡོད་ཚུལ་ཤོད་ཀྱིན་པ་དེར་བདེན་དཔང་བྱེད་ཀྱིན་འདུག དེར་མ་ཟད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་གྱི་སྲིད་ཇུས་དག་ནི་བཅའ་ཁྲིམས་སུ་ཡོད་ཀྱང་ལག་ལེན་དུ་མི་བསྟར་རྒྱུའི་ཕྱོགས་དེ་ཡིན་པ་གསལ་པོར་ཤེས་ཐུབ་ཀྱིན་འདུག  འདིས་རྩ་ཁྲིམས་དང་ལག་ལེན་གཉིས་ཆ་མི་མཚུངས་པ་ར་སྤྲོད་གསལ་པོ་བྱས་ཡོད། ལྷག་པར་ གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཕལ་བར་བཞག་ནས་བསམ་བཞིན་ནུས་མེད་དུ་བཏང་བ་ནི། རྒྱལ་ཁབ་ཀྱིས་མི་རིགས་གྲངས་ཉུང་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་རབས་སྒྲོག་གིན་པ་དེ་དང་ཡོངས་སུ་འགལ་བར་མ་ཟད་སྐད་ཡིག་ལ་འདྲ་མཉམ་གྱི་ལྟ་སྟངས་མ་བཟུང་བ་ཞིག་ཀྱང་ཡིན། བྱེད་སྟངས་འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གླེང་བརྗོད་དུ་ “མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་བྱེད་ངེས་ཡིན།”  ཞེས་འཁོད་ཡོད་པ་དང་། དེ་བཞིན་ <<རྩ་ཁྲིམས་ལེའུ་དང་པོ་སྤྱིའི་དོན་ཚན་བཞི་པར་>> “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཉར་འཇོག་གམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།”  ཅེས་པ་འདི་དང་ཡང་འགལ་ཟླ་ཆགས་ཡོད། ཐེངས་འདིའི་སློབ་གསོ་བཅོས་བསྒྱུར་བྱེད་ཕྱོགས་དེ་ནི་དངོས་གནས་མི་མང་གི་ཁེ་ཕན་དང་མི་རིགས་ཀྱི་མངོན་འདོད་ལ་ཞིབ་འཇུག་གིས་ལག་བསྟར་བྱས་པ་ཡིན་ཚེ་འོས་འཚམ་ཞིག་ཏུ་འགྱུར་སྲིད་མོད། ཆབ་སྲིད་ཀྱི་དགོས་དབང་གིས་དེ་འདྲའི་བསྒྱུར་བཅོས་བཏང་བ་ནི་མི་མང་གིས་ནམ་ཡང་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད། ལྷག་པར་དུ་བྱེད་ཐབས་འདིའི་རིགས་ཀྱིས་གྲངས་ཉུང་མི་རིགས་ཁག་ཉམས་རྒུད་དུ་འགྲོ་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས་ཡིན་ཏེ། སི་ཏ་ལིན་གྱིས་མི་རིགས་ཤིག་རྩ་མེད་བཟོ་དགོས་ཚེ་ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་རྒྱུ་ནས་འགོ་རྩོམ་དགོས་ཞེས་པ་དེ་དང་ཡོངས་སུ་མཐུན་པས་སོ། ཡང་ཝིང་ཡེ་པུའུ་ཡིས་ “མིག་སྔར་འཛམ་གླིང་སྟེང་གི་མི་རིགས་མང་བའི་རྒྱལ་ཁབ་ཚང་མས་ཁྲིམས་ཐོག་ནས་གཞུང་ཕྱོགས་ཀྱི་སྐད་ཡིག་དེ་རྒྱལ་ཁབ་ཀྱི་སྤྱི་མཐུན་སྐད་ཡིག་སྟེང་གཏན་འབེབ་བྱས་ཡོད་ལ། དེ་བཞིན་སློབ་གྲྭའི་སློབ་ཁྲིད་སྐད་ཡིག་དང་པོ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཞན་པ་ཟུར་ཁྲིད་སྐད་ཡིག་རེད།” ཅེས་པའི་སྐད་ཆ་དེ་རྫུན་གཏམ་ཁོ་ན་ཡིན། ཧྥིན་ལན་ཌིའི་(Finland)མངའ་ཁོངས་སུ་ཡོད་པའི་ཨེ་ལན་ཌིའི་(Aland Islands Finland)སློབ་ཁྲིད་སྐད་ཡིག་ནི་སི་ཝེ་ཌིན་གྱི་སྐད་ཡིག་ (Swedish) ཡིན་པ་དང་དབྱིན་ཇིའི་སྐད་ཡིག་གཉིས་པ་དང་ཧྥི་ནི་ཤུ(Finnsish) གདམ་གའི་གྲས་སུ་སློབ་ཁྲིད་བྱེད་ཀྱི་ཡོད། ཨ་རིའི་མངའ་སྡེ་མ་ཡེ་ཀོ་རོ་ནེ་ཤི་ཡས (Mieronesia) རང་སྐད་དང་པོ་དང་དབྱིན་ཡིག་གཉིས་པ་ཡིན། ཨེ་ཀྲ་ལིའི་ནང་ཀྲི་རོལ་ལྷོ་མས་(South Tyrol) རྗར་མན་སྐད་ཡིག་གཙོ་བོར་སྤྱོད་ཀྱི་ཡོད། དེ་ག་ནང་བཞིན་ཁེ་ན་ཌའི་ཁུ་འབེག་(Quebec)གི་ནང་དུ་གཞུང་འབྲེལ་སྐད་ཡིག་ཧྥ་རན་ཆིས་(French)ལས་དབྱིན་ཡིག་མིན། ཡང་མ་ཡེ་ཀོ་རོ་ནེ་ཤི་ཡ་(Mieronesia)  དང་གྷི་རི་ལན་ཌི་(Greenland) སོགས་ཀྱི་ནང་གཞུང་འབྲེལ་སྐད་ཡིག་མང་པོ་བཞག་ཡོད་པ་སོགས་འཛམ་གླིང་ཐོག་འདི་ལྟ་བུའི་དཔེ་མཚོན་བགྲངས་ཀྱིས་མི་ལོངས་པ་ཞིག་ཡོད།

༤ གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་བསམ་ཤེས་དགོས་པའི་འབོད་སྐུལ།

མི་རིགས་སུ་ཞིག་ཡིན་རུང་སོ་སོའི་མི་རིགས་ཀྱི་ཁེ་ཕན་ཆེད་རང་གི་སྐད་ཡིག་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུའི་མངོན་འདོད་ཤུགས་ཆེན་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་ཡང་། བོད་ཀྱི་སློབ་གསོའི་སྟེགས་བུ་ནས་བོད་ཡིག་རྒྱང་འཕུད་གཏོང་རྒྱུའི་སྲིད་བྱུས་འདིས་བོད་སྐད་ཡིག་ལ་བརྟེན་པའི་ཆོས་ལུགས་དད་མོས་དང་། ཀུན་སྤྱོད་གོམས་སྲོལ། རིག་གནས་སྒྱུ་རྩལ། ལོ་རྒྱུས་སོགས་ནག་གསུབ་གཏོང་བའི་འགོ་བརྩམས་པ་ཞིག་ཡིན་པ་སུ་ལ་མི་གསལ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བརླག་པར་གྱུར་ཚེ་ད་དུང་བོད་མི་རིགས་དང་བོད་མི་རིགས་ཀྱི་ཁེ་ཕན་ཟེར་བ་ཞིག་ཡོད་སྲིད་དམ། སྲིད་བྱུས་འདི་བོད་མི་རིགས་ཀྱི་ཁེ་ཕན་ལ་བསྟུན་ནས་བཟོས་པ་ཡིན་ཚུལ་བཤད་པ་དེ་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། ད་དུང་ཝིང་ཡེ་པུའུ་ཡིས་”སྐད་གཉིས་ཀྱི་སློབ་གསོ་བཅོས་བསྒྱུར་བྱས་པ་དེ་དགེ་རྒན་ཁག་ཅིག་དང་།  དེ་དང་འབྲེལ་བའི་མི་སྣ་དག་གི་ཁེ་ཕན་ལ་ཐུག་ཡོད་”ཚུལ་བརྗོད་ཡོད་པ་དེ་ནི་སྣང་བ་གདོང་འདེད་ཀྱི་སྐད་ཆ་ཞིག་ལས་དོན་དངོས་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་གིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་གཤིས་རྒྱལ་ཁབ་ཀྱི་གཙོ་བོའི་རིག་གནས་རྨང་གྲུབ་དེའང་གྲངས་ཉུང་མི་རིགས་ཀྱི་རིགས་གནས་རིན་ཐང་གིས་བསྐྲུན་ཡོད་ན་མི་རིགས་གྲངས་ཉུང་གི་སྐད་ཡིག་རིག་གནས་ཉམས་རྒུད་དུ་ཕྱིན་ན་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་ཀྱི་གྱོང་གུད་ཡིན་སྟབས་སློབ་གསོ་བཅོས་བསྒྱུར་གྱི་གནད་དོན་འདི་ནི་མི་རིགས་བྱེ་བྲག་པ་ཞིག་གི་གནད་དོན་མ་ཡིན་པར་མི་རིགས་ཡོངས་ཀྱི་གནད་དོན་ཞིག་ཡིན་པར་བརྟེན་མི་རིགས་ཡོངས་ལ་སྐད་ཡིག་རིག་གནས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།

 

མཐའ་དོན་<<སྤྱི་ལོ་༢༠༡༠ནས་༢༠༢༠བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད>> ཅེས་པའི་སློབ་གསོ་བཅོས་བསྒྱུར་གྱི་སྲིད་བྱུས་འདི་ལ་ཡང་དག་པའི་ཐག་གཅོད་ཅིག་ཡོང་བར་ངེད་ཅག་ལ་རེ་བ་ཆེ་ཞིང་། ལྷག་པར་དུ་ཕྱི་ཟླ་༡༠ཚེས་༢༢ ཉིན་ཝིང་ཡེ་པུའུ་ཡིས་ “སློབ་མའི་སློབ་གསོ་ཡར་སྐུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སློབ་མའི་ཁྱིམ་བདག་གི་རེ་བར་ཉན་རྒྱུ། ཆ་རྐྱེན་འཛོམས་ཚེ་ལག་ལེན་སྐུལ་འདེད་དང་། ཆ་རྐྱེན་མི་འཛོམས་ཚེ་ད་ལྟའི་གནས་སྟངས་ལ་བརྩི་འཇོག་བྱེད་པ་ལས་བཙན་འོག་ཏུ་ཐག་གཅོད་དང་། དྲག་ཤུགས་ཀྱི་སྐུལ་སྤེལ་བྱེད་མི་རུང་། དེ་དང་མཉམ་དུ་མུ་མཐུད་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སློབ་ཁྲིད་ལ་གུས་ཞབས་དང་ཤུགས་སྣོན་བྱ་དགོས།” ཞེས་པ་དང་། མའོ་ཙེ་ཏུང་གིས་ཀྱང་ <<དུས་རིམ་གསར་པ་སྨྲ་བ>> ཞེས་པའི་རྩོམ་ཡིག་ཏུ་ “ཁོ་ཚོར་བཙན་བཙུགས་ནས་རྒྱ་ཡིག་རྒྱ་སྐད་སྦྱང་དུ་འཇུག་མི་འོས་པར་མ་ཟད། དེ་ལས་ལྡོག་སྟེ་ཁོ་ཚོར་སོ་སོས་རང་གི་སྐད་ཡིག་ནས་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་རོགས་དང་། རང་རེའི་རྒྱལ་ཁབ་ཧྲིལ་བོའི་སློབ་གསོ་ལ་མི་རིགས་ཀྱི་རྣམ་པ་ལྡན་འོས་ལ། མི་རིགས་མི་འདྲ་བར་མཚོན་སྟངས་ཀྱང་མི་འདྲ་བ་རེ་ལྡན་དུ་འཇུག་དགོས།”  ཞེས་པའི་དོན་དངོས་དང་མཐུན་པའི་སྐད་ཆ་འདི་དག་ལ་བསམ་གཞིགས་ཞིབ་མོ་བྱས་ཏེ་བློ་གཟུ་བོའི་སྒོ་ནས་ཐག་གཅོད་ཡང་དག་བྱེད་རྒྱུར་རེ་འབོད་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་<<རྩ་ཁྲིམས>>དོན་ཚན་སོ་ལྔའི་ནང་། (སྤྱི་འབངས་ལ་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད་) ཅེས་པ་ལྟར། ཐེངས་འདིའི་སློབ་གསོ་བཅོས་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་གིས་གཙོས་ཤེས་ཡོན་པ་དང་རྩོམ་པ་པོ། དགེ་རྒན་དང་ལས་བྱེད་རྒན་རབས་པ་རྣམས་ཀྱི་རང་དབང་ལ་བརྩི་འཇོག་དང་བདེ་འཇགས་ལ་འགན་ལེན་བྱེད་རྒྱུའི་རེ་སྐུལ་བྱེད་ཀྱིན་ཡོད།

 

ཅེས་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་མ་ཐུན་མོང་ནས། ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༢༨ལ།

 

འབྲེལ་གཏུག་བྱ་ཡུལ།སློབ་ཕྲུག་མཆོག་གྲུབ།་ཁ་པར་ཨང་གྲངས།༩༨༡༦༩༢༤༦༤་་་་ཤེས་རབ་རྒྱ་མཚོ།་ཁ་པར་ཨང་གྲངས།་༩༨༨༢༥༥༠༧༧༦